གངས་ལྗོངས་ས་མཐོར་ཡུལ་སྐོར་ཚ་རླབས་འཕྱུར། ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་པར་བྲེལ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་གནས་པའི་གསའ་ཕུ་གངས་རིའི་མཛེས་ལྗོངས་ཁུལ་དུ་འཁྱགས་རོམ་བརྗིད་ཆགས་ཉམས་དགའ་ལ་མཚོ་མོ་གཡུ་ཡི་མེ་ལོང་ས་སྟེང་དུ་འཕོས་པ་ལྟ་བུར་སྣང་། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་དེ་བས་མང་བ་དེ་གར་གངས་རི་དང་འཁྱགས་མཚོ་ཡི་མཛེས་ལྗོངས་མྱོང་རོལ་བྱེད་པར་ཡོང་གི་ཡོད།
“འདི་ལོའི་ཟླ་7པར། གསའ་ཕུ་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཆོག་མཆན་དངོས་སུ་ཐོབ་ཡོད་ལ། ཡུལ་སྐོར་ཞབས་ཞུ་དང་སྒྲིག་བཀོད་ཆ་རྐྱེན་ཡང་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཡོད”ཅེས་འཁྱགས་རོམ་དང་མཚོ་མོའི་མཛེས་ལྗོངས་ཁུལ་གྱི་འཆད་འགྲེལ་པ་བསྟན་འཛིན་དར་རྒྱས་ཀྱིས་བཤད།
གཞུང་ལམ་ཤར་གཏོང་ཐུབ་པས་ཡུལ་སྐོར་དར་རྒྱས་ཡོང་བར་སྐུལ་ཁྲིད་ཐུབ་པ།
སྔོན་ཆད་མི་རྣམས་ཀྱིས་བོད་ཀྱི་འགྲོ་ལམ་ལ“གང་སར་རྡོ་ཧྲུག་གིས་ཁེངས་པ་དང་། མི་ཕྱུགས་འགྲོ་སྐྱོད་མི་བདེ་བ། དཀའ་ཉེན་སྣ་ཚོགས་འཕྲད་པ་ནི་བསམ་ཚོད་ལས་འདས་པ་ཞིག་རེད”ཅེས་བརྗོད་ཀྱི་ཡོད།
ན་ནིང་ཟླ་9པའི་ཟླ་མཇུག་ཏུ། ཤར་གངས་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་སྟེ“བོད་དུ་སྐྱོད་སའི་བཙན་འགག་དང་པོ”ཞེས་པའི་རང་བྱུང་འཕྲང་ལམ་དེ་བདེ་མོའི་ཐང་ལ་གྱུར་པ་མ་ཟད། “ཁྲོན་བོད་དཀྱིལ་ལམ”ཞེས་སུ་འབོད་པའི་རྒྱལ་ལམ་G349ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གྲོང་དུ་འཚོ་སྡོད་བྱེད་མཁན་བཀྲ་ཤིས་ལ“འགྲོ་འོང་བྱེད་མཁན་རླངས་འཁོར་དང་ཡུལ་སྐོར་བ་ཧ་ཅང་མང་དུ་ཕྱིན་པས་རླངས་འཁོར་འཇོག་ས་དང་ཞག་སྡོད་བྱེད་ས་ཚང་མ་ཁེངས་པའི”མྱོང་ཚོར་ཟབ་མོ་བྱུང་ཡོད། ས་གནས་དེ་གའི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་རབ་དང་རིམ་པར་སྔ་རྗེས་སུ་ཆོག་མཆན་ཐོབ་པ་དང་འཛུགས་སྐྲུན་བྱེད་འགོ་བརྩམས་པས། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་མ་ལམ་ཤར་གཏོང་ཐུབ་པ་དང་། རྫོང་དང་གྲོང་གསེབ་གཞུང་ལམ་ཡང་མགྱོགས་མྱུར་ཤར་གཏོང་ཐུབ་ནས་ས་གནས་དེ་གའི་ཡུལ་མིར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་ཡོད།
“ཚགས་ཤ་དང་དབྱར་རྩྭ་དགུན་འབུ་ད་ལྟ་མགྱོགས་མྱུར་ཕྱིར་ཚོང་ཐུབ་ནས་རིན་གོང་ཡག་པོ་རག་གི་འདུག་ལ། ཡུལ་མི་ཚོའི་འཚོ་བའང་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པས”ཕྱུག་འགྱུར་གྱི་ཐབས་ལམ་དེ་བས་ཡངས་སུ་ཕྱིན་པ་དང་། “ཕྲུ་གུ་ཚོ་རླངས་འཁོར་ལ་བསྡད་དེ་རྫོང་གྲོང་དུ་སློབ་གྲྭར་འགྲོ་རྒྱུ་ཡོད་པས”སློབ་གྲྭར་འགྲོ་རྒྱུའི་ཐད་ལ་དཀའ་ངལ་མེད། “དོས་དྲག་ནད་ཕོག་ཚེ་ཁ་པར་བརྒྱབ་མ་ཐག་མྱུར་སྐྱོབ་རླངས་འཁོར་བསུ་བར་ཡོང་ནས་རྫོང་སྨན་ཁང་དུ་སྐྱེལ་ཐུབ་པས”ད་ལྟའི་སྨན་བཅོས་ཀྱི་ཆ་རྐྱེན་སྔོན་ཆད་ལས་ལེགས་པ་སོགས་གྲོང་མི་ཚོའི་ཉེ་འགྲམ་གྱི་འགྱུར་ལྡོག་བརྗོད་ཀྱིས་མི་ལང་།
དཔལ་འབར་རྫོང་གྲོང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པའི་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོར་འཁྱགས་རོམ་དང་འཁྱགས་ཕུག་གི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད། 2024ལོའི་ལོ་འགོར། དཔལ་འབར་རྫོང་སྲིད་གཞུང་གིས་གྲོང་ཚོར་བྱེས་བགྲོད་སྦག་སྦག་50ཞལ་འདེབས་བརྒྱབ་པ་དང“གངས་འཁྱགས་འཚོལ་ཞིབ་དང་བྱེས་བགྲོད་འཁོར་གཏོང་ཟུང་དུ་འབྲེལ་བའི”ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ཧུར་ཐག་བཏོད་ཡོད་ལ། གྲོང་ཚོ་ཡོངས་ཀྱི་དུད་ཚང་149ཡི་གྲོང་མི་ཚང་མ་དེའི་ནང་ཞུགས་ཡོད། “སྦག་སྦག་དེ་དག་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་གི་འདུག”ཅེས་ཡུལ་མི་ཕུན་ཚོགས་ཀྱིས་བཤད།
སྲིད་ཇུས་རབ་དང་རིམ་པའི་སྐུལ་ལྕག་འོག དཔལ་འབར་རྫོང་གིས་ན་ནིང་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3454ཡོང་བར་སྐུལ་ཁྲིད་བྱས་པ་དེ་དུས་མཚུངས་ལས་225.84%འཕར་ཡོད།
ཡུལ་ལྗོངས་མཛེས་པོ་དགོས་ལ་སྐྱེ་ཁམས་ཀྱང་ཡག་པོ་དགོས།
གསའ་ཕུ་གངས་རི་ནི་བོད་ལྗོངས་འབྲི་རུ་རྫོང་གཡང་ཤོད་ཤང་དང་དཔལ་འབར་རྫོང་ལྕགས་གོང་ཤང་གི་ས་མཚམས་སུ་གནས་ཤིང་། བརྗིད་ཆགས་ཉམས་དགའ་བའི་རྣམ་པ་དང་ཡིད་དུ་འོང་བའི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཆེ་གྲས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་བཞིན་ཡོད།
2023ལོའི་ལོ་མཇུག་ཏུ་འབྲི་རུ་རྫོང་གིས་བོད་རང་སྐྱོང་ལྗོངས་རིམ་པའི་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་རྫོང་བདེ་བླག་ངང་འཛུགས་གཏོད་བྱས། ད་ལོའི་ཟླ་7པར་གསའ་ཕུ་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚུད་པའི་བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་14ལ་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཆོག་མཆན་དངོས་སུ་ཐོབ་ཡོད།
དམངས་སྲོལ་གནས་ཚང་དུ་སྡོད་པ་དང་། གུར་རྒྱག་པ། བོད་ཟས་ཟ་བ། རྒྱ་ཁོག་ཟ་བ། རྟ་བཞོན་པ། ཡུལ་སྐོར་འགྲུལ་བཞུད་པར་ལེན་སོགས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་ས་གསར་པ་སྔར་ལས་མང་དུ་འགྲོ་བཞིན་ཡོད། ཆར་ཐག་ཆོད་རྗེས། འབྲི་རུ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་དང་ཡུལ་སྐོར་བ་ཚོ་མཉམ་དུ་འདུས་ཏེ་ཚང་མའི་སྣེ་ཁྲིད་དེ་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་འཁྲབ་པས། གླུ་སྐད་དང་། ཐལ་མོའི་རྡེབ་སྒྲ དགོད་སྒྲ་བཅས་ཟམ་མི་ཆད་པར་གྲགས་འོང་།
རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད“མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་མཛེས་ལྗོངས་ཁུལ་དུ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ”དེ་ཉིད《བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ཀྱི་སྲིད་ཇུས་བྱ་ཐབས》ནང་བཅུག་ཡོད། གཞན་ཡང་བོད་ལྗོངས་ཀྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་གི་འདུ་འགོད་ལག་ལེན་བསྟར་ཏེ། སྤུས་ལེགས་ཀྱི་མཛེས་ལྗོངས་ཁུལ་དང་། རིག་གནས་ཡུལ་སྐོར་གྱི་བར་ཁྱམས། ཡུལ་སྐོར་གྱི་གྲགས་ཅན་རྫོང་བཅས་ཁག་གཅིག་བཏོད་ནས་ཡུལ་སྐོར་དེ་ལུས་རྩལ་དང་། ཞིང་ལས། འགྲིམ་འགྲུལ། ཚོང་ལས་སོགས་ཁྱབ་ཁོངས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།
ཁང་པ་སྟོང་པ་འབབ་འཕར་གྱི་ཡོང་ཁུངས་ལ་གྱུར་པ།
ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྒོ་རྩར་ལས་ཞུགས་ཐུབ་པའི་ཞིང་འབྲོག་པའང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
བསྟན་འཛིན་དར་རྒྱས་ནི་འབྲི་རུ་བ་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་ཞིང་། 2021ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཡུལ་སྐོར་དོ་དམ་ཆེད་ལས་ནས་སློབ་གྲྭ་ཐོན་རྗེས། ཕ་ཡུལ་དུ་ལོག་ནས་འཆད་འགྲེལ་པ་ཞིག་བྱས། “ཕ་ཡུལ་གྱི་གཏམ་རྒྱུད་མི་དེ་བས་མང་བར་ཤོད་ཐུབ་པས་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཞིག་འདུག”ཅེས་བསྟན་འཛིན་དར་རྒྱས་ཀྱིས་བཤད།
“ངའི་ཁྱིམ་གྱི་ཉལ་ཁྲི་རེར་དགོང་མོ་གཅིག་ལ་ཉལ་གླ་སྒོར་100རེད། ཉེ་དུས་ཁང་པ་ཚང་མ་འགྲུལ་པས་ཁེངས་པ་མ་ཟད། དེ་རྗེས་ཀྱི་ཉིན་འགའ་ཤས་ཀྱང་སྔ་ས་ནས་སྔོན་མངགས་བྱས་ཟིན་སོང”ཞེས་གཡང་ཤོད་ཤང་བྲག་རོང་གྲོང་ཚོའི་གྲོང་མི་དང་དམངས་སྲོལ་གནས་ཚང་གཉེར་མཁན་བུ་མོ་ཡིས་དེ་ལྟར་བརྗོད་ཀྱིན་མ་ལག་བདེ་པོས་ཕོ་ཁེབས་ཀྱི་ཤུབས་བརྗེ་བ་དང་། ཁང་པར་གད་རྒྱག་པ། འཁྲུད་ཆས་སྒྲིག་སྐྱོར་རྒྱག་པ་སོགས་བྱས་པ་དང་སྐར་མ་20ཙམ་ནང་ཁང་མིག་གཅིག་ལམ་སེང་བསྡུ་གསོག་བརྒྱབ་ཟིན་སོང་།
ཁང་པ་སྟོང་པ་དག་འབབ་འཕར་གྱི་ཡོང་ཁུངས་ལ་གྱུར་པས་མི་སེར་གྱི་ཕྱུག་འགྱུར་ལམ་བུ་སྔར་བས་ཡངས་སུ་ཕྱིན་པ།
2017ལོར་འབྲི་རུ་རྫོང་གི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་དེའི་མང་ཚོགས་ལ་རང་ཉིད་ཀྱི་ཁང་པ་སྟོང་པ་རྣམས་ཁྱིམ་ཚང་འགྲུལ་ཁང་བཟོས་ནས་ཡུལ་སྐོར་བར་ཞག་སྡོད་དང་ཟ་བཏུང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་མ་ཟད། སྔ་རྗེས་སུ་སྒོར་ཁྲི་226དམངས་སྲོལ་གནས་ཚང་མཛེས་བཟོ་དང་། གསོ་རླུང་སྒྲིག་ཆས་ཉོ་སྒྲུབ། ཞག་སྡོད་དངོས་རྫས་ཉོ་སྒྲུབ་སོགས་ཀྱི་ཐད་བཏང་ཡོད།
མདོག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་གནས་ཚང་དང་པོ་དེ་2022ལོའི་ལོ་མཇུག་ཏུ་ཕུ་ཡུལ་གྲོང་ཚོ་དང་པོར་དངོས་སུ་བཙུགས་པ་དང་ད་ཆ་ཡུལ་དེར་དམངས་སྲོལ་གནས་ཚང་7ཡོད་ཅིང་། ཁྱིམ་ཚང་རེར་ལོར་ཆ་སྙོམས་སྒོར་ཁྲི་5ནས་ཁྲི་10བར་ཡོང་གི་ཡོད།
དཔལ་འབར་དང་འབྲི་རུ་གཅིག་པུ་ཙམ་མིན་པར། ད་དུང་ཉིང་ཁྲིའི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་ཀོང་པོའི་བོད་རིགས་ཀྱི་གནའ་བོའི་གྲོང་སྡེའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་དང་ཡུལ་དེའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཟིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ཚན་གྱི་གནས་མཆོག་ཏུ་གྲགས་པའི་ཁམ་བུ་ཤང་གི་དེ་སྔའི་གྲོང་གསེབ་ཀྱི་ཁང་པ་སྤྱིར་བཏང་དེ་དག་ད་ཆ་ཡུལ་སྐོར་བས་རང་བྱུང་ཁམས་ཆེ་མོར་རྒྱུས་ལོན་བྱེད་པའི་གདམ་ག་ཡག་ཤོས་སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།