སྙེ་མོ་རྫོང་ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས།
ཁབ་སྐུད་ཕྲ་མོ་གྲོགས་སུ་བཀུག འཚོ་བ་གསར་པར་མཛེས་རྒྱན་སྤྲས།
ཐོན་ཕུ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། གྲོང་རྡལ་སྲིད་གཞུང་དང་བར་ཐག་སྤྱི་ལེ་10ཙམ་ཆོད་ཡོད་པ་དང་། མཐའ་བཞི་རི་ཚོགས་ཀྱིས་བསྐོར་བ་དང་ཆ་སྙོམས་ས་བབ་སྨི་4130ཟིན་ཡོད།
ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཁྲོམ་ར་རྒྱ་སྐྱེད། ཕྱུག་འགྱུར་སྐུལ་ཁྲིད”བཅས་ཀྱི་མཉམ་འབྲེལ་ལ་བརྟེན་ནས། ཐོན་ཕུ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།
ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་འཛུགས་མཁན་ཆོས་གཡང་ལོ་23ལ་སླེབས་སྐབས། གྲོང་གསེབ་ཀྱི་གཞོན་ནུ་གཞན་དང་མཉམ་དུ་ལྷ་སར་ལས་གཏོད་བྱེད་པར་བསྐྱོད། དེ་རྗེས་ལྷ་སའི་བར་སྐོར་ཁྲོམ་གཞུང་ནས་ཚོང་ཁང་ཆུང་ཆུང་ཞིག་གླས་ཏེ་འཚེམ་ཁང་ཞིག་བཙུགས་པར། སྒོ་ཡོལ་དང་། ཤམ་བུ། འབོལ་ཁྲིའི་ཤུབས། དྲི་ཞིམ་ཁུག་མ། བུད་མེད་ཀྱི་ལྟོ་ཕད། ཞྭ་མོ། འཁྲབ་ཆས། བོད་ལྷམ། སྐེད་རགས། པང་གདན་སོགས་ཐོན་རྫས་སྣ་ཁ་30ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད། དེ་ལས་ཁོང་ལ་ཁེ་སྤོགས་ཧ་ཅང་མང་པོ་བྱུང་བ་མ་ཟད། བཟའ་ཟླ་དང་ངོ་ཤེས་ནས་ལས་འཕྲོའི་མདུད་པ་ཐེབས།
ལྷ་སར་ལས་གཏོད་ལམ་ལྷོངས་བྱུང་ནས་དཔལ་འབྱོར་གྱི་རྨང་གཞི་བཏིང་རྗེས། ཆོས་གཡང་ཁྱོ་ཤུག་གཉིས་ཀྱིས་2018ལོར་ཐོན་ཕུ་གྲོང་ཚོའི་དེ་སྔའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་རྙིང་པར་འཚེམ་ཁང་སྤོས་ནས། ཐོན་ཕུ་གྲོང་ཚོའི་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་པོ་དེ་བཙུགས་པ་རེད། ཆོས་གཡང་ཁྱོ་ཤུག་གཉིས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་ལས་བྱས་ཏེ། “ཏང་ཀྲི་པུའུ་ཡིས་འཆར་འགོད་སྣེ་ཁྲིད་དང་། ཏང་ཡོན་གྱིས་དོ་དམ་བྱེད་པ། མཉམ་ལས་ཁང་གིས་ཐོན་སྐྱེད་གཉེར་སྐྱོང་གི་འགན་འཁུར་བ། ཡུལ་མིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་མ་ཟད། གྲོང་ཚོ་དེ་རང་དང་དེ་བཞིན་མཐའ་འཁོར་གྱི་བུད་མེད་ཀྱང་མཉམ་ལས་ཁང་དུ་ལས་མིར་བསྡུས་པ་རེད།
མཉམ་ལས་ཁང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་ཆེད། སྙེ་མོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྙེ་མོ་རྫོང་གྲོང་དུ་ཆེད་མངགས་སྨི་ངོས་གྲུ་100ཙམ་གྱི་ས་སྟོང་སྤྱད་དེ་མཉམ་ལས་ཁང་གི་ཚོང་ཁང་འཛུགས་པར་མཐུན་སྦྱོར་བྱས། འཕེལ་རྒྱས་ཕྱིན་པ་ནས་ད་བར། ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་ཉིད་སྙེ་མོ་རྫོང་གྲོང་གི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྡེབ་ཚོང་གི་མཉམ་ལས་ཁང་གཅིག་པུ་དེར་གྱུར་ཡོད།
མཉམ་ལས་ཁང་བཙུགས་པ་ནས་བཟུང་། མངགས་ཐོ་མང་དུས་བརྒྱ་ལྷག་ཙམ་ཡོད་པ་དང་། ཉུང་དུས་སུའང་བཅུ་ཕྲག་ཁ་ཤས་ཡོད། ཉེ་ཆར། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་དྲིལ་བསྒྲགས་པུའུ་ཡིས་སྒྲིག་འཛུགས་བྱས་ནས་གཉེར་བའི“ཏང་དར་འོག་གི་དམ་བཅའ”——2025ལོའི“བདུན་གཅིག”གླུ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པའི་སྙེ་མོ་རྫོང་གི་འཐུས་མི་རུ་ཁག་གི་འཁྲབ་ཆས་80ཚང་མ་མཉམ་ལས་ཁང་དེས་བཟོས་པ་རེད།
ལོ་མང་རིང་། ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་གྲོང་ཁྱེར་དང་རྫོང་གི་གཟི་བརྗིད་མཚན་སྙན་ཁག་20ལྷག་ཙམ་ཐོབ་པར། 2020ལོར་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ནས“ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི”མཚན་སྙན་སྤྲད་པ་དང་། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས“ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་ཞིང་འབྲོག་བུད་མེད་མཉམ་ལས་ཁང”གི་མཚན་སྙན་སྤྲད་པ། 2025ལོའི་ཟླ་6པར། སྙེ་མོ་རྫོང་ཨུད་དང་། རྫོང་སྲིད་གཞུང་། རྫོང་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་བཟོ་ཁང”གི་མཚན་སྙན་སྤྲད་པ་བཅས་རེད།
ད་ཆ་ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྱོན་མང་ཚོགས་11ལས་ཀར་བསྡུས་པར། ཁོང་ཚོའི་ཁྲོད་ལོ་71ལ་སླེབས་པའི་སྤོ་བོ་ལགས་1ཕུད། གཞན་དག་ཚང་མ་བུད་མེད་ཡིན་པ་དང་། ལས་ཞུགས་བྱེད་ཡུན་རིང་ཤོས་ལོ་6དང་ཐུང་ཤོས་ལོ་4ཡིན་པ་རེད།
ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས“མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། ཚང་མ་ཕྱུག་པོ་ཆགས་ན་ཕྱུག་པོ་ཡིན་པའི”གཉེར་སྐྱོང་འདུ་ཤེས་ལ་ཡིད་ཆེས་བརྟན་པོ་བྱས་ནས། གཞན་ཕན་བྱ་གཞག་ལ་མཐོང་ཆེན་དང་སྤྱི་ཚོགས་ལ་དྲིན་གཟོ་བར་སྣང་ཆེན་བྱེད་ཀྱི་ཡོད།
སླད་ཕྱིན་གྱི་འཆར་གཞིའི་སྐོར་གླེང་སྐབས། ཐོན་ཕུ་གྲོང་ཚོའི་ཆོས་འཁོར་བུད་མེད་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཚང་མས། དུས་སྐབས་བཟང་པོ་འདི་འདྲའི་འོག རིག་གནས་སྔར་བས་དར་རྒྱས་གོང་འཕེལ་འགྲོ་བ་དང་བསྟུན་ནས། མི་རིགས་ཀྱི་ཐོན་རྫས་ལ་དེ་བས་དགའ་བསུ་ཐོབ་སྟེ། མི་རིགས་མཉམ་འདྲེས་ཀྱི་གཞི་རྒྱུ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པས། མཉམ་ལས་ཁང་གི་འཕེལ་རྒྱས་སྔར་བས་སྟོབས་ཆེར་འགྲོ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་ཐོན་རྫས་དྲ་ཐོག་ཏུ་འཚོང་རྩིས་ཡོད་པ་མ་ཟད། ད་དུང་ལྷ་སའི་འཁྲུག་ཆ་དོད་སར་ཆེད་ཚོང་ཁང་བཙུགས་ནས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་སུའང་འཚོང་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།