འབྲོང་རྒོད་བཏུལ་ནས་གཡུང་ལ་ཕབ། དམངས་རྣམས་ཕྱུག་པོའི་ལམ་དུ་བསྐྱོད།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་འབྲོང་ཚའི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ལ་བདེ་སྐྱིད་འཚོ་བ་བཏོད་པའི་སྐོར།
ཞོགས་པའི་ཉི་གཞོན་གྱི་འཛུམ་ཞལ་ལྷུག་པོར་གྲོལ་ནས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་རྒོད་ཚང་གྲོང་ཚོའི་རྩྭ་ཐང་དུ་འཕྲོས་ཤིང་། སྒེར་རྩེ་རྫོང་འབྲོང་ཚ་གསོ་སྤེལ་ར་བའི་ཕྱུགས་རྫི་བ་བུ་རྡོ་རྗེས་འུར་རྡོ་ཀླད་ལ་བསྐོར་ནས་སྟོང་རྒྱག་བྱས་པས་འུར་ལྕེའི་སྐད་སྒྲ་གསང་པོ་ཞིག་གང་སར་གྲགས་རྗེས་ཨ་བྲ་འགའ་འདྲོགས་པའི་ཚུལ་གྱིས་རྟབ་རྟོབ་པོར་ཁུང་བུར་འཛུལ། ལམ་ལམ་དུ་འཚེར་བའི་ཉི་འོད་འོག་ཏུ་འབྲོང་ཚ་བརྒྱ་ལྷག་ཙམ་བག་ཕེབས་ངང་རྩྭ་ཟ་སྐབས་ཞོལ་རྩིད་རིང་པོ་དག་ཀྱང་ལྡེམ་ལྡེམ་དུ་གཡོ་བཞིན་མཆིས། འབྲོང་ཚ་དེ་དག་ནི་སྤྱིར་བཏང་གི་ནོར་གནག་ལས་གཟུགས་བོངས་ཆེ་ཞིང་། སོག་མགོ་འབུར་དུ་ཐོན་པ་ནི་དེའུ་འབུར་ཞིག་དང་ཀུན་ནས་མཚུངས་ལ། ཤ་ཤེད་རྒྱས་པའི་དབང་གིས་རྩིད་པ་ནས་འོད་ཆེམ་ཆེམ་དུ་འཕྲོས། བུ་རྡོ་རྗེས་ས་ལྡིང་གནམ་ལྡིང་བྱེད་པའི་བེའུ་དེ་དག་ལ་ལྟ་བཞིན་ལོ་ཟླའི་འཁོར་འགྲོས་གསལ་བའི་གཉེར་མའི་གྲོག་ཤུར་ནང་དུའང་འཛུམ་མདངས་ཀྱི་ཆུ་མོ་འཁྱིལ། འབྲོང་ཚ་དེ་དག་གིས་འབྲོག་པའི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་འགྲོ་བར་རེ་བ་ཆེན་པོ་ཞིག་སྦྱིན།
རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བ་ནས་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་བར་གྱི་འགྱུར་ལྡོག
སྒེར་རྩེ་རྫོང་རྒོད་མོ་ཤང་སེང་རྡོ་གྲོང་ཚོར“དམིགས་བསལ་ཐོན་ལས་གསར་པའི”ཁོངས་སུ་གཏོགས་པའི་འབྲོང་ཚ་ཡིས་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་རིམ་གྱིས་འགྱུར་བ་འགྲོ་བཞིན་མཆིས། ཉེ་ཆར་སེང་རྡོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས། ཁྱད་ལྡན་ཐོན་ལས་དེའི་འཕེལ་རྒྱས་སྐོར་གྱི་གཏམ་རྒྱུད་ལྷུག་པོར་གླེང་།
བསོད་ནམས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན“ང་ཚོའི་གྲོང་ཚོ་ནི་མི་རབས་ནས་མི་རབས་འབྲོག་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་སྲོལ་རྒྱུན་གྱི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། སྔོན་མ་ཚང་མས་དབྱར་དུས་རུ་བ་རྩྭ་ཆུ་བཟང་སར་སྐྱས་སྤོ་བ་དང་དགུན་དུས་ལྷས་རར་སྡོད་ཀྱི་ཡོད། འདི་ག་ནི་བྱང་ཐང་གི་མཐིལ་ལ་གནས་པས། འབྲོང་མང་བ་དང་རང་བྱུང་ཁོར་ཡུག་ཁྲོད་འབྲི་དང་འབྲོང་བསྡེབས་རྗེས་འབྲོང་ཚ་ཡོང་གི་ཡོད། དེ་ལ་གཞན་གྱིས་བསྡུར་ཐབས་བྲལ་བའི་ལྷན་སྐྱེས་ཀྱི་གཞི་རྒྱུ་དམིགས་བསལ་བ་ཞིག་ལྡན་པས། དེ་ནི་རྩིད་པ་ནག་ལ་མཐུག་པོའི་འོག་ཏུ་སྐྱེ་སྟོབས་ཀྱི་གསོན་ཤུགས་དེ་བས་རྒྱས་པའི་ཚེ་སྲོག་ཅིག་ཡིན།
“སྲོལ་རྒྱུན་གྱི་ནོར་གནག་ནི་སྐྱེ་འཚར་འགོར་བ་དང་ཡོང་སྒོའང་དེ་ཙམ་མེད། དང་ཐོག་འབྲོང་ཚར་དགེ་མཚན་མང་པོ་ཡོད་པ་ཐོས་སྐབས། ང་ཚོར་ཡང་ཚོད་ལྟ་ཞིག་བྱས་ནས་ལམ་བུ་གསར་པ་འཚོལ་བའི་བསམ་བློ་འཁོར་བྱུང”ཞེས་བསོད་ནམས་བཀྲ་ཤིས་ཀྱིས་འདས་དོན་ལ་དྲན་གསོ་བྱེད་བཞིན་དུ་བརྗོད། འོན་ཀྱང་འབྲོང་ཚ་ཐོག་མར་མཐོང་སྐབས་གྲོང་མི་མི་ཉུང་བ་ཞིག་གི་སེམས་ལ་འདི་གསོ་ཁག་པོ་ཞིག་མེད་དམ་སྙམ་ཡང་། རིགས་གཅིག་མཁས་ཅན་གྱི་ཚོགས་པས་ཆེད་མངགས་ཞིབ་འཇུག་བྱས་པའི་ཁར་ལོ་མང་པོའི་ལག་ལེན་ཁྲོད་ནས་ར་འཕྲོད་བྱུང་རྗེས། ད་གཟོད་ཚང་མའི་སེམས་ཁྲལ་རིམ་བཞིན་བསལ་བ་རེད།
ད་ཆ་འབྲོང་ཚའི་ལེགས་ཆ་དལ་གྱིས་མངོན་ཞིང་། དེའི་རྒྱུད་པ་འཚར་ལོངས་ཡོང་ཚད་ཡུལ་དེའི་ནོར་གནག་ལས་ཧ་ཅང་མགྱོགས་པ་དང་། ཤ་སྤུས་དག་པ་དང་འོ་མའང་མངོན་གསལ་དོད་པོས་མང་བ་ཡོད། “དེ་སྔ་གཡག་འབྲིང་ཁ་ཞིག་བཙོངས་ན་སྒོར་8000རག་གི་འདུག ད་ཆ་འབྲོང་ཚའི་ཕ་ཕྱུགས་གཅིག་ལ་སྒོར་ཁྲི་1.5རག་གི་ཡོད་པས་གཡག་གཅིག་རང་ནས་སྒོར་7000ཐོལ་པ་ཡོང་གི་འདུག”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་དེ་ལྟར་རྩིས་བརྒྱབ་རྗེས། མུ་མཐུད་ནས“ལོ་འདི་དག་རིང་རྒྱུན་མཐུད་ཁྱབ་གདལ་བཏང་བས། སེང་རྡོ་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་དུ་མིག་སྔར་ལག་ཡོད་འབྲོང་ཚ་མགོ་གྲངས་1200ལྷག་ཟིན་པའི་ཁྲོད་མགོ་གྲངས་370ལྷག་ཙམ་ཕ་ཕྱུགས་ཡིན་པ་དང་དེ་དག་གཙོ་བོ་ང་ཚོའི་ལུང་པའི་འབྲི་གཡག་གི་རྒྱུད་པ་ལེགས་སུ་གཏོང་བར་སྤྱད་ནས་རྒྱུད་པའི་སྤུས་ཀ་རྒྱུན་མཐུད་ལེགས་སུ་གཏོང་གི་ཡོད”ཅེས་བརྗོད།
ཚན་རྩལ་ལས་ནོར་གནག་དེ་འབབ་འཕར་གསེར་གྱི་ལྡེ་མིག་ལ་གྱུར་པ།
སྒེར་རྩེ་རྫོང་འབྲོང་ཚ་གསོ་སྤེལ་ར་བར་སྐྱོད་སྐབས། ར་བའི་འགན་འཁུར་བ་པ་རྡོར་གྱིས་གཟན་ཁང་གི་སྒོ་ཕྱེ་བ་དང་། “སྤུས་ལེགས་གཟན་རྩྭ་འདི་དག་ནི་དགུན་དུས་འབྲོང་ཚར་ལྟོ་སྣོན་སྟེར་བྱེད་རེད། ཆེད་མངགས་ལོ་ཚད་མི་འདྲ་བར་གཞིགས་ནས་བཀོད་སྒྲིག་བྱས་ཡོད”ཅེས་ཁོང་གིས་གྱང་སྟེང་གི་གཟན་ཆག་སྦྱོར་སྡེབ་རེའུ་མིག་སྟོན་པ་དང་། དེར་བེའུ་དང་། འབྲི ཕ་ཕྱུགས་བཅས་ཀྱི་འཚོ་བཅུད་ཀྱི་བསྡུར་གྲངས་བཀོད་ཡོད།
ཚན་རྩལ་ནི་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་སྒེར་རྩེ་རྫོང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ལན་ཀྲོའུ་སློབ་ཆེན་སོགས་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་ཁྱོན་སྒོར་ཁྲི་1000ལྷག་བཏང་ནས་ཚན་ཞིབ་རྣམ་གྲངས་12ལག་ལེན་བསྟར་ཡོད། 2021ལོར་འབྲོང་ཚའི་རྒྱུད་པ་གསོ་སྤེལ་དང་དེ་བཞིན་ཕན་འབྲས་ཆེ་བའི་གསོ་ཚགས་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཏང་བ་ནས་2024ལོར་འབྲོང་ཚའི་ལུས་ཀྱི་ཕྲ་ཕུང་ཁེ་ལུང་ཞིབ་འཇུག་བྱས་པའི་བར། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བས་འབྲོང་ཚའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཧ་ཅང་བརྟན་དུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། འབྲོང་ཚར་ཚན་རིག་ཞིབ་འཇུག་ཟམ་མི་ཆད་པར་བྱས་པ་དང་བསྟུན་ནས། དེའི་རིན་གོང་ཡང་ཇེ་མཐོར་སོང་བཞིན་ཡོད། གྲངས་གཞི་ལས་མངོན་པར། འབྲོང་ཚའི་ཤ་ཐོན་ཆེ་ཆུང་དང་། ཚིལ་མང་ཉུང་། སྤུས་ཀ་ཡག་ཉེས། ཤའི་ནང་འདུས་པའི་འཚོ་བཅུད་སོགས་ཚང་མ་ནོར་གནག་ལས་ལེགས་པ་དང་། དེའི་རྩིད་པ་དང་ཁུ་ལུའི་སྤུས་ཀ་དེ་འཁེལ་འཐག་གི་ཐོན་རྫས་མང་པོ་ཞིག་གི་ཚད་ལྡན་མ་བཅོས་རྒྱུ་ཆའི་བླང་བྱ་དང་ཡང་ཡོངས་སུ་མཐུན་ཡོད། འབྲོང་ཚའི་འབྲི་དང་གཡག་གི་གཟུགས་པོའི་ལྗིད་ཚད་དེ་ཁྱིམ་དུ་གསོས་པའི་ནོར་གནག་ལས་སྤྱི་ཁེ་56.2དང་སྤྱི་ཁེ་54.8སོ་སོར་ལྕི་བ་ཡོད། གཞན་ཡང་འབྲོང་ཚའི་ཁྲག་རྒྱུན་ནང་གི་ཁྲག་དམར་རྒྱུ་དང་ཁྲག་དམར་སྤྲི་དཀར་སོགས་ལ་སྨན་རྫས་ཐད་སྤྱོད་པའི་རིན་ཐང་ལྡན་པ་དེས་འབྲོང་ཚ་བཤས་ཏེ་ཐོན་རྫས་གཞན་དག་ལས་སྣོན་བྱེད་པ་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ཐོན་ལས་ཀྱིས་ས་མཐོར་རེ་བ་གསར་པ་སྦྱིན་པ།
“ན་ནིང་ལོ་མཇུག་ཏུ་མངའ་རིས་ས་ཁུལ་ཞིང་ལས་ཐོན་ཟོག་ཚོང་འདུས་ཐོག་ང་ཚོ་སེང་རྡོ་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་འབྲོང་ཚའི་ཤ་བཙོངས་པ་ཁོ་ནར་འབབ་འཕར་སྒོར་ཁྲི་55ལྷག་ཙམ་བྱུང”“ང་ཚོས་ད་དུང་འབྲོང་ཚའི་ཤ་ལྷ་སར་ཡང་བཙོངས་པ་ཡིན། དེའི་ཤ་སྤུས་དག་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
2024ལོར་སྒེར་རྩེ་རྫོང་གི་འབྲོང་ཚའི་ཐོན་ལས་ལ“རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་བཞིའི་ཞིང་ལས་ཐོན་ཟོག”དང“སྐྱེ་ཁམས་ཐོན་ཡུལ་གྱི་སྲུང་སྐྱོང་ཐོན་རྫས”གཉིས་ཀའི་ཁས་ལེན་དཔང་འདོན་ཐོབ་པ་དེ་ལས་ཐོན་རྫས་དེའི་སྤུས་ཚད་དང་སྐྱེ་ཁམས་ཀྱི་རིན་ཐང་གཉིས་ཀར་རྒྱལ་ཁབ་རིམ་པའི་ཁས་ལེན་ཐོབ་པ་མཚོན་གྱི་ཡོད།
ཐོན་ལས་འཕེལ་རྒྱས་བཏང་བས་མི་སེར་ལ་བགོ་འགྲེམས་རག་ཅིང་། སྒེར་རྩེ་རྫོང་གིས་འབྲོག་ལས་རྒྱུད་བཟང་གི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་ནས་རྒོད་མོ་ཤང་དང་། དུང་མཚོ་ཤང་། སྒེར་རྩེ་གྲོང་རྡལ། བྲག་པོ་ཤང་། ཤན་ཆེན་ཤང་བཅས་སུ་སྤུས་ལེགས་ཀྱི་འབྲོང་ཚའི་ཕ་ཕྱུགས་མགོ་གྲངས་506ཁྱབ་གདལ་བཏང་བ་དང་དེར་མ་རྩ་སྒོར་ཁྲི་202.4བཏང་ཡོད། མིག་སྔར་འབྲོང་ཚའི་རྒྱུད་བཟང་ཁྱབ་ཚད་རྒྱུན་མཐུད་མང་དུ་འགྲོ་བཞིན་ཡོད་པ་དེས་སྒེར་རྩེ་རྫོང་གི་ཤང་བཞི་དང་གྲོང་རྡལ་གཅིག་དང་། སྲིད་འཛིན་གྲོང་ལྷན་28 དུད་ཚང་156 མཉམ་ལས་ཁང་9བཅས་ལ་ཕན་པ་ཐོབ་ཡོད།
“ཉེ་བའི་ལོ་ཤས་རིང་། སྒེར་རྩེ་རྫོང་གིས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་སྲིད་གཞུང་གིས་སྔ་རྗེས་སུ་སྒོར་དུང་ཕྱུར་1.35བཏང་ནས་སྒེར་རྩེ་རྫོང་གི་སྤུས་ལེགས་འབྲོང་ཚ་རྒྱུད་སྤེལ་གྱི་ཚན་རྩལ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ཏེ། གསར་གཏོད་ལྟེ་གནས་1དང་། རྒྱུད་སྤེལ་ས་ཚིགས་2 རྒྱུད་པ་སྲུང་སྐྱོང་ར་བ་3བཅས་བསྐྲུན་ཡོད། ད་བར་རྫོང་ཡོངས་སུ་འབྲོང་ཚ་ལག་ཡོད་མགོ་གྲངས་4521ཟིན་ཡོད། འབྲོང་ཚ་མགོ་གྲངས་མང་པོ་ཡོད་པ་དེས་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རྒྱབ་རྟེན་བརྟན་པོ་ཞིག་བྱུང་ཡོད”ཅེས་པ་རྡོར་གྱིས་ངོ་སྤྲོད་བྱས།
འབྲོང་ཚ་གསོ་སྤེལ་བྱས་ན་སྲོལ་རྒྱུན་གྱི་འབྲོག་ལས་དེང་རབས་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ལ། སྒེར་རྩེ་རྫོང་གིས་འབྲོག་ལས་རྫོང་སྟོབས་ཆེན་བསྐྲུན་པའི་གོམ་སྟབས་ཀྱང་སྔར་བས་མགྱོགས་སུ་འགྲོ་ཐུབ། པ་རྡོར་གྱིས“འབྲོང་ཚའི་རྒྱུད་པའི་ལེགས་ཆ་དང་ཕ་ཕྱུགས་ཀྱི་ཐོན་ཁུངས་འཚོལ་ཞིབ་གང་ལེགས་བྱ་རྒྱུ་ནི་འབྲི་གཡག་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བའི་འགག་རྩ་རེད། གོམ་སྟབས་རྗེས་མར་ང་ཚོས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་རྒྱུད་པ་གསར་པ་གསོ་སྤེལ་ཞིབ་འཇུག་བྱས་ཏེ། རྒྱུད་པའི་ཁྱུ་ཚོགས་འཕེལ་ཁ་བཟང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཞིང་འབྲོག་པ་སྔར་ལས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།