བོད་ལྗོངས་གཞིས་རྩེས་དེང་རབས་ཞིང་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།
ས་མཐོར་སྔོ་ཚལ་ཤིང་འབྲས་འབེལ་ལྷུག་ལྷུག མང་ཚོགས་ཕྱུག་འགྱུར་ལམ་བུ་བདེ་ཤིག་ཤིག
མི་དམས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། སུང་ཧྥེ། མོང་ཞང་ཧྥུའུ། གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་གྱི་གསར་འགོད་པ། ལི་ཞུན་ཏེན།
ས་བབ་སྨི་3860ཟིན་པའི་མྱང་ཆུའི་འགྲམ་དུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་དྲོད་ཁང་ཆེན་པོར་སྐྱོད་སྐབས། དེ་གར་ཕོ་གཞོན་ཚེ་དབང་ཤིས་ཀྭ་སྡོང་པོར་ཟེའུ་འབྲུ་སྡེབ་སྦྱོར་གྱི་ལས་ལ་བྲེལ་བཞིན་རྔུལ་ཆུའི་ཐིགས་པ་ངོ་གདོང་ནས་འཛག་པ་མཐོང་བྱུང་།
“དེ་སྔོན་ཕྱུགས་འཚོས་ན་ལྟོ་གོས་འཕྱིད་ཙམ་ལས་མེད། ད་ཆ་དྲོད་ཁང་ཆེན་པོ་གཅིག་གཉེར་སྐྱོང་བྱས་པ་ལས་ཁེ་གཙང་སྒོར་ཁྲི་གཉིས་ཙམ་ཡོང་གི་འདུག”ཅེས་ཤ་རིད་ཅིང་ངོ་གདོང་ཅུང་ནག་པའི་ཚེ་དབང་གིས་འཛུམ་དམུལ་དམུལ་ངང་བཤད། དྲོད་ཁང་ཆེན་པོ་འདི་ནི་ཁོང་གིས་སྔོ་ཚལ་འདེབས་པར་བྱང་ཆ་དོད་པའི་བདེན་དཔང་ཞིག་རེད་ལ། བོད་ལྗོངས་གཞིས་རྩེའི་དེང་རབས་ཞིང་ལས་གངས་ལྗོངས་ས་མཐོར་འཕེལ་རྒྱས་དང་སྟོབས་ཆེར་སོང་བའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད། ཐག་རིང་ནས་རི་ཀླུང་བརྒལ་ནས་ཡོང་བའི་བོད་སྐྱོར་བ་མང་པོས་བོད་དུ་རང་ཉིད་ཀྱིས་ལས་གནས་བརྟན་སྲུང་དང་གསར་གཏོད་ལ་བརྟེན་ནས་ཞིང་འབྲོག་པ་ཁྲི་སྟོང་མང་པོའི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་ཡོང་བར་གཞོལ་ཡོད།
ས་བོན་བཏབ་པ།
སྔོ་ཚལ་དྲོད་ཁང་ཆེན་པོ་ནས་རེ་བའི་མྱུ་གུ་འབུས།
པ་སྣམ་རྫོང་དང་། རྒྱལ་རྩེ་རྫོང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཅས་ཀྱི་ཤང་དང་གྲོང་རྡལ་འགའ་ཞིག་ཏུ་ཞིང་འབྲོག་པ་མི་རབས་མང་པོས་ནས་འདེབས་རྒྱུ་གཙོ་བོར་བྱས་པས“བོད་ཀྱི་འབྲུ་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། འོན་ཀྱང་སྔོན་མ་དེ་གའི་མང་ཚོགས་ཀྱི་ལྟོ་ཆས་སུ་ལ་ཕུག་དང་། ཞོག་ཁོག པད་ཚལ་བཅས་སྣ་ཁ་གསུམ་རང་ལས་མེད། 1995ལོའི་ཟླ་ལྔ་པར། ཧྲན་ཏུང་གི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་གངས་ལྗོངས་ས་མཐོར་ཡོང་ཞིང་། གནས་ཚུལ་དེ་ཤེས་རྗེས། བོད་སྐྱོར་ལས་བྱེད་པས“བོད་རིགས་སྤུན་ཟླར་ཡིན་གཅིག་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོང་བར་བྱེད་པའི”དམ་བཅའ་བརྟན་པོར་བཞག
ས་ཕག་གི་དྲོད་ཁང་ཆེན་པོ་7ནས་འགོ་བརྩམས་ཤིང་། ཧྲན་ཏུང་ཅི་ནན་གྱི་ཁག་དང་པོའི་བོད་སྐྱོར་ལས་བྱེད་པས་ཧྲན་ཏུང་ཧྲོའུ་ཀོང་ནས་ཀྲོ་མ་ཀྲུ་དང་ཧོང་ཀྭ་ཡི་སོན་ཁྱེར་ཡོང་སྟེ་ས་མཐོར་ཐོག་མར་བཏབ།
2000ལོར། ཧྲན་ཏུང་ཅི་ནན་གྱི་ཁག་གཉིས་པའི་བོད་སྐྱོར་ལས་བྱེད་པ་ཧྲི་ཝུན་ཅིན་གྱིས་ཅི་ནན་གྲོང་ཁྱེར་ལི་གྲོང་ཆུས་ཐང་ཝང་གྲོང་རྡལ་ཏུང་ཀྲང་གྲོང་ཚོ་ནས་ཆེད་མངགས“འཇོན་ཐང་ཅན་གདན་འདྲེན་པར”ཕྱིན་པ་དང་། མཐར་སྔོ་ཚལ་འདེབས་རྒྱུར་མཁས་པའི་ཀྲང་ཅི་མིང་སེམས་འགུལ་ཐེབས་ནས་རང་ཉིད་ཀྱི་བཟའ་ཟླ་ཁྲིད་དེ་པ་སྣམ་རྫོང་དུ་ཡོང་ཞིང་། ཁོང་གཉིས་པོས“ཕ་ཡུལ་གཉིས་པར”ལས་གནས་བརྟན་སྲུང་བྱས་ནས་སྔོ་ཚལ་འདེབས་འགོ་བརྩམས། ས་མཐོའི་སྨུག་ཕྱིའི་འོད་ཤུགས་ཆེ་བའི་རྐྱེན་གྱིས་སྔོ་ཚལ་གྱི་ལོ་མ་སྐམ་པ་དང་། ཆུ་ལོག་གིས་དྲོད་ཁང་ཆེན་པོ་30ཁྱེར་ནའང་། ཀྲང་ཅི་མིང་གིས་ཨམ་གཙིགས་བསྡམས་ནས་དྲོད་ཁང་ཆེན་པོ་བསྐྱར་དུ་བསྐྲུན།
“འདི་གར་སླེབས་ཙ་ན་ལས་རྗེས་ཐོན་པ་ཞིག་བྱེད་དགོས” སུར་པན་བཏབ་པའི་ཡོང་སྒོ་ཐོག་མ་བྱུང་བའི་སྐབས། བོད་རིགས་ཨ་མ་རྒན་མོས་ཁོང་ལ་ཇ་སྲུབས་མ་བླུགས་ཤིང་། ཀྲང་ཅི་མིང་གིས“ཁོང་ཚོར་ལག་རྩལ་སློབ་རྒྱུ་བྱུང་བ་ནི་ངའི་སྤྲོ་སྣང་ཆེ་ཤོས་ཡིན”ཞེས་བརྗོད་བཞིན་མིག་ཆུ་དབང་མེད་དུ་ཤོར།
བར་ཐག་སྤྱི་ལེ་3000ལྷག་ཙམ་གྱིས་ཆོད་ཀྱང་། ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་657གྱིས་ལོ་30བསྟུད་མར་བོད་སྐྱོར་ལས་ལ་གཞོལ་ཞིང་། ད་ལོའི་ཟླ་བ་དྲུག་པ་བར། པ་སྣམ་རྫོང་ལ་སྐབས་དེ་དུས་ཚོད་འདེབས་ཞིང་ཁ་སྦར་མཐིལ་ཙམ་ལས་མེད་པ་དེར་ད་ཆ་དྲོད་ཁང་ཆེན་པོ་1962བརྒྱབ་ཡོད། “རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀོང་ལ་བརྟེན་དགོས་པ་དང་། བོད་ཀྱི་སྔོ་ཚལ་པ་སྣམ་ལ་བརྟེན་དགོས”ཞེས་དེ་གར་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ཤོད་རྒྱུན་ལས་ཧྲན་ཏུང་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་ཐུབ།
རྩ་བ་ཚུགས་པ།
ལག་རྩལ་གསར་གཏོད་ལ་བརྟེན་ནས་མྱུ་གུ་གསོས།
ཁང་དམར་རྫོང་ས་དམར་མདའ་ཤང་དུ་ས་བབ་སྨི་4400ཟིན་པའི་ཡུག་འབྲེལ་དྲོད་ཁང་བརྒྱབ་ཡོད། དེ་གར་ལོ་25ལ་སླེབས་པའི་ལྷག་པ་སྒྲོལ་མས་ལག་ཐོགས་ཁ་པར་གྱི་བརྙལ་ཤེལ་ལ་ཡང་ཡང་ལྟ་ཞོར་ལག་པས་རེག་ཙམ་བྱས་པས། ཐིགས་ཆུའི་མ་ལག་རང་འགུལ་ངང་ཕྱེ་ནས་འབྲི་ཏ་ས་འཛིན་གྱི་རྩ་བར་ཐིགས་ཆུ་ཚད་རན་པོ་ཞིག་གཏོང་བཞིན་ཡོད། “དགེ་རྒན་ཧྲན་ཏུང་བས་ང་ཚོར་དྲོད་ཚད་ལ་ཚོད་འཛིན་དང་། འབུ་སྐྱོན་སྔོན་འགོག་བྱེད་ཐབས་བསླབས་བྱུང་། ད་ཆ་ཟླ་ཕོགས་སྒོར་5000ལྷག་ཙམ་ཡོད”ཅེས་སྔོན་མ་ཕྱུགས་འཚོ་མཁན་ནས་ད་ཆ་གླིང་ཁུལ་གྱི་ལག་རྩལ་རྐང་འཛིན་པར་གྱུར་པའི་ལྷག་པ་སྒྲོལ་མས་བཤད། ཁོང་གི་རྒྱབ་ཕྱོགས་སུ་ས་མེད་འདེབས་འཛུགས་ཀྱི་འབྲི་ཏ་ས་འཛིན་ལས་དམར་མདངས་རྒྱས་བཞིན་འདུག
2016ལོར། ཧྲོའུ་ཀོང་གི་ལག་རྩལ་པ་མོང་ཏེ་ལིས་ཚོགས་པ་ཁྲིད་ནས་བོད་དུ་ཡོང་སྟེ། པ་སྣམ་རྫོང་དུ་རླུང་འགོག་དྲོད་ཁང་ཆེན་པོ་སྐྲུན་རྩིས་བྱས།
ལྷགས་པ་ཆེན་པོ་རིམ་པ་11བརྒྱབ་ནའང་ལས་མི་ཚོས་སྔར་བཞིན་དྲོད་ཁང་ཧུར་ཐག་བསྐྲུན་པས་ལག་པར་ཆུ་ལྒང་ཡང་ཆགས་ཡོད། “ས་མཐོར་སྨི་ཁྲི་1ཟིན་པའི་ཝ་ཁ་བསྒར་རྒྱུ་ནི་ངོ་མ་ལས་སླ་པོ་ཞིག་གཏན་ནས་མ་རེད”ཅེས་ཁོ་ཚོ་དང་མཉམ་དུ་ཡོང་བའི་ཨར་ལས་རུ་ཁག་གིས་བཤད། མོང་ཏེ་ལིས་ལྕགས་སྒྲོམ་སྟེང་འཛེགས་ནས“ཝ་ཁ་མཐུད་སྐབས་སྨི་1ཀྱང་ཆད་མི་རུང་། དེས་མ་གཏོགས་དྲག་རླུང་ལྡང་མ་ཐག་དྲོད་ཁང་རྡིབ་ཀྱི་རེད”ཅེས་བཤད། ཟླ་བ་བཞི་ཡི་རྗེས་སུ་དྲག་རླུང་ཡང་བསྐྱར་ལྡང་ནའང་། ལྷགས་པ་ཆེན་པོ་རིམ་པ་13འགོག་ཐུབ་པའི་ཇུས་འགོད་ལྟར་བརྒྱབ་པའི་དྲོད་ཁང་ཆེན་པོ་བཅུ་གྲངས་ཁ་ཤས་མ་ལོག་པར་བརྟན་པོར་གནས་ཡོད།
ལག་རྩལ་ལ་ཚད་བརྒལ་ཡོང་བར་འབད་བརྩོན་བྱེད་མཚམས་འཇོག་བྱེད་མྱོང་མེད་ཅིང་། མོང་ཏེ་ལི་ཚོགས་པས་སྨུག་ཕྱིའི་འོད་འགོག་པའི་དྲོད་ཁང་གི་འགྱིག་ཤོག་སྲབ་མོ་བཟོས་ནས་སྦྱར་གའི་ལག་རྩལ་གསར་གཏོད་བྱས་ཏེ་ས་རྒྱུའི་གནོད་འཚེ་མི་ཕོག་པར་བྱས་ཤིང་། “ཤིན་ལིང་2K”ཤིས་ཀྭ་དང“ཀྲུང་ལུང་སུར་པན”སོགས་སྣ་ཁ་གསར་པ་126ནང་འདྲེན་བྱས་པ་རེད།
གཞན་ཡང་། ཉ་ཤ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་ལེགས་ཞེས་པའི་དཔེ་ལྟར། ཧྲན་ཏུང་གི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་ལི་ཏུང་གིས“འདེབས་འཛུགས་དུད་ཚང་85%ཡིས་ཁ་པར་ནས་མྱུ་གུ་མངགས་ཉོ་བྱེད་ཤེས་པ་དང་། ཐ་ན་ལོ་70ལ་སླེབས་པའི་རྒན་རྒོན་གྱིས་ཀྱང་ནད་འབུ་འགོག་བཅོས་བྱེད་ཐབས་ཤེས་ཀྱི་ཡོད”ཅེས་མྱོང་བ་ཟབ་མོས་བཤད།
2023ལོར་ཕ་ཡུལ་དུ་ལོག་པའི་ཕོ་གཞོན་ཟླ་བ་ནོར་བུས་ཧྲོའུ་ཀོང་ཞིང་ལས་རིགས་གཅིག་མཁས་ཅན་ཀྲང་ཡུས་ཞང་དང་མོང་ཏེ་ལི་རང་གི་དགེ་རྒན་ལ་བསྟེན་ཞིང་། “ངས་སྔོན་ལ་རྒན་ལགས་ཀྱི་ས་ནས་འདེབས་འཛུགས་ལག་རྩལ་སྦྱངས་པ་དང་། དེ་ནས་ཤེས་པའི་ལག་རྩལ་དག་གོ་བདེ་ཤེས་སླའི་ཐོག་ནས་ཡུལ་མི་ཚོར་བསླབས་པ་ཡིན”ཞེས་གསར་འགོད་པར་བཤད་པ་དང་། ཁོང་གིས“ང་ཚོར་ད་དུང་ཆེད་མངགས་མྱུ་གུ་གསོ་སའི་དྲོད་ཁང་ཞིག་ཡོད། ཧྲན་ཏུང་ནས་ས་བོན་ཉོས་ཏེ་སོ་སོས་གསོས་ན་མ་གནས་གྲོན་ཆུང་ཐུབ་པ་མ་ཟད། ད་དུང་མྱུ་གུ་གསོན་ཚད་ཀྱང་མཐོ་རུ་གཏོང་ཐུབ་ཀྱི་འདུག སྔོན་ཆད་ནས་བཏབ་ན་མུའུ་རེ་ནས་ཡོང་འབབ་སྒོར་སྟོང་ཕྲག་ལས་མེད། འོན་ཀྱང་ད་ཆ་དྲོད་ཁང་ཆེན་པོ་གཅིག་ནས་ཡོང་འབབ་ལྡབ་བཅུ་ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།
འབྲས་བུ་སྨིན་པ།
ཐོན་ལས་དར་རྒྱས་བྱུང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་ཕྱུག་པོའི་ལམ་དུ་བསྐྱོད།
ཐོ་རེངས་ཆུ་ཚོད་ལྔ་པར། བོད་ལྗོངས་གཞིས་རྩེ་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་འགྲེམས་ཁང་གི་དབྱེ་གསེས་ལྟེ་གནས་སུ་གློག་འོད་ཁྲ་ཆིལ་ལེར་མངོན་ཞིང་། བཟོ་པ་ཚོས་སེའུ་དང་ཀྲོ་མ་ཀྲུ་སྒམ་ནང་བླུག་གིན་ཡོད་པ་དང་མངགས་ཐོ་དེ་དག་གཞིས་རྩེ་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དུ་སྐྱེལ་རྩིས་ཡོད་པ་རེད། ལས་མི་ཟླ་བས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ་ནས་ལྟ་སྐབས། དེའི་ནང་གི་འདྲ་པར་རེ་རེ་ལས་གནམ་ས་བླ་འོག་གི་འགྱུར་ལྡོག་མཐོང་ཐུབ་པ་སྟེ། 1998ལོར་བོད་སྐྱོར་ལས་བྱེད་པས་རྐང་འཁོར་བཞོན་ནས་ཚལ་འཚོང་བར་འགྲོ་བའི་གཟུགས་བརྙན་དང་2024ལོར་གྲང་ཕྲེང་རླངས་འཁོར་གྱིས“པ་སྣམ་གྱི་ཤིས་ཀྭ”སྐྱེལ་འདྲེན་བྱས་པའི་དབར་གྱི་ཧེ་བག་ཧ་ཅང་མངོན་གསལ་དོད། “ལོ་སྟོད་དུ་ང་ཚོས་སྔོ་ཚལ་རྒྱ་མ་ཁྲི་20ཉོས་ནས་བཙོངས་པར་ཡོང་འབབ་སྒོར་ཁྲི་300བྱུང”ཞེས་ཁོང་གིས་སྤོབས་པ་ཆེན་པོས་བཤད། མི་རིང་བའི་གོང་། ཁང་དམར་རྫོང་དུ་ཡུལ་དེ་རང་ནས་ཐོན་པའི་ཤིང་ཏོག་ཁྲེ་ལི་ཙི་རྒྱ་མ་རེར་སྒོར་120ཡི་རིན་གོང་ཐོག་ནས་ཚང་མ་བྲིན་ཡོད་པ་རེད། ས་མཐོའི་སྔོ་ཚལ་དང་ཤིང་ཏོག་བྲིན་ཁ་རྒྱུག་པོ་བྱུང་བ་དེ་ཐོག་ནས་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཏོད་དང་གཏོད་མུས་ཡིན་པ་མཚོན་གྱི་ཡོད།
ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་དེས་འབབ་འཕར་ཐབས་ལམ་ཇེ་ཡངས་སུ་འགྲོ་བཞིན་ཡོད། བན་ཚང་གྲོང་ཚོར་དྲོད་ཁང་ཆེན་པོ་170ཡོད་པ་ལས་དུད་ཚང་49ཡི་ཡུལ་མིར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.9འཕར་བར་སྐུལ་ཁྲིད་བྱས་ཤིང་། ཚེ་དབང་གིས་དྲོད་ཁང་ཆེན་པོ་ལྔ་འགན་གཙང་བླངས་ནས་ཤིས་ཀྭ་དང་ཤིང་ཏོག་ཧྲེང་ཉུས་ཀོའོ་བཏབ་པར་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།
མྱང་ཆུ་གཙང་པོའི་ངོགས་སུ་ས་རུབ་པ་དང་བསྟུན་ནས་བན་ཚང་གྲོང་ཚོའི་དུས་རབས་གསར་པའི་བདེ་སྐྱིད་ཐང་ཆེན་དུ་སྙན་འཇེབས་ལྡན་པའི་སྒོར་གཞས་ཀྱི་དབྱངས་སྒྲ་ལྷང་ལྷང་དུ་གྲགས་འོང་། ཚེ་དབང་གིས་རྒན་ཀྲང་ཅི་མིང་ལ་བརྙན་ལམ་ནས་ཁ་པར་བཏང་སྟེ།“རྒན་ཀྲང་ལགས། ང་ཚོས་བཏབ་པའི་ཤིས་ཀྭ་རྒྱ་མ་གཅིག་ལ་སྒོར་15རག་གི་འདུག”ཅེས་བཤད་པས་གཉིས་ཀ་རེ་ཞིག་དགའ་སྤྲོའི་ཀློང་དུ་ཚུད།
དགོད་སྒྲ་འདིར་གངས་ལྗོངས་བུ་ཕྲུག་གི་དྲིན་ཚོར་བསམ་པ་འདུས་ཡོད་ལ། ཧྲན་ཏུང་ལ་བཅངས་པའི་བརྩེ་སེམས་ཀྱང་འདུས་ཡོད།
འབྲེལ་ཡོད་གསར་འགྱུར།