དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་།

    མཛེས་ལྗོངས་ལེགས་པར་སྲུང་། བདེ་སྐྱིད་ལམ་བུར་སྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་ཅ་ཧའོ། ཞུས་ཡུས་ཡའོ། ཝང་ཙེ་ཧྥུང་།   |     སྤེལ་དུས།  2025-07-26

    དབྱར་གཞུང་དུ་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད།

    དེང་གི་དུས་འདིར་གངས་རིན་པོ་ཆེའི་འདབས་སུ་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་། རྡོག་ཁྲེས་བཀལ་བའི་ཁལ་མ་དལ་བ་དལ་བུར་ལམ་དུ་བཞུད་པ་དང་ཆབས་ཅིག གཡེར་ཁའི་སིལ་སྙན་ལྷང་ངེར་གྲགས་འོང་། མ་ཕམ་གཡུ་མཚོའི་ངོགས་སུ་ཡུལ་སྐོར་བ་ཚོ་བསྒྲིགས་ནས་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་བའི་དྭངས་གཙང་ལྷིང་འཇགས་ཀྱི་མཚོ་མོའི་མཛེས་པ་ཉམས་སུ་མྱོང་བཞིན་མཆིས།

    གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་བར་དུ་ཆགས་པའི་དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུས་ཉེ་བའི་ལོ་ཤས་རིང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བས། ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཡོང་གིན་ཡོད།

    “ལྟོས་དང་། འདི་གའི་རྩྭ་ཐང་དང་མཚོ་མོ་གཙང་མ་གང་འདྲ་མི་འདུག་གམ”

    ཉི་འོད་ཀྱི་ཟེར་བརྒྱ་རབ་ཏུ་འཕྲོས་པའི་འོག་མ་ཕམ་གཡུ་མཚོའི་མཚོ་ངོས་སུ་རླབས་ཕྲེང་གང་སར་འཕྱུར། སྔོ་ཐིང་ཐིང་གི་འདམ་རའི་འཁྲིས་སུ་འབྲི་གཡག་མང་པོ་སོས་དལ་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་འདུག

    ལོ་20ལ་སླེབས་པའི་བདག་སྐྱོང་བ་ཀུན་རྣམ་བསམ་གྲུབ་དེ་གའི་ཡོད་ཚད་ལ་རྒྱུས་མངའ་ཤིན་ཏུ་ཆེ་ཞིང་། སྐྱེ་ཁམས་བདག་སྐྱོང་བ་ཞིག་ཡིན་པའི་ཁོང་གིས་ཉིན་ལྟར་ཆུ་ཚོད་4བེད་སྤྱད་དེ་འདམ་རར་སྐོར་གཡེང་ལ་འགྲོ་གི་ཡོད།

    ཁོང་གི་ལས་ཀ་གཙོ་བོ་ནི་ཡུལ་སྐོར་བར་གསལ་བཤད་རྒྱག་རྒྱུ་དེ་ཡིན་པ་སྟེ། གད་སྙིགས་གང་བྱུང་དུ་གཡུག་མཁན་དང་རླངས་འཁོར་གྱིས་རྩྭ་བརྫི་མཁན་ཡུལ་སྐོར་བ་ཡོད་པ་མཐོང་ཚེ། ཁོང་གིས་ལམ་སེང་བཀག་འགོག་བྱེད་པ་མ་ཟད། ཁོ་ཚོར་འདམ་ར་སྲུང་སྐྱོང་གི་འདུ་ཤེས་བརྗོད་ནས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ལུགས་ཤོད་ཀྱི་ཡོད།

    ཁོང་གི་ངོས་ནས་བརྗོད་ན་དེ་གའི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་འགྲོ་བ་མཐོང་བ་ནི་གྲུབ་འབྲས་ལྡན་ཤོས་ཀྱི་བྱ་བ་ཞིག་ཏུ་སྙམ།

    “སྔོན་མ་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། འོན་ཀྱང་ད་ཆ་འདི་གའི་རྩྭ་ཐང་དང་མཚོ་མོ་ཧ་ཅང་གཙང་མ་ཡོད”ཅེས་ཁོང་གིས་བཤད།

    མ་ཕམ་གཡུ་མཚོའི་འདམ་རར་བདག་སྐྱོང་བ་ཁྱོན་90ཡོད། སྤུ་ཧྲེང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་ལི་ཧའེ་རུང་གིས་ངོ་སྤྲོད་བྱས་དོན། མ་ཕམ་གཡུ་མཚོའི་འདམ་རར་སྒྲིག་ཆས་ཆ་ཚང་བའི་བདག་སྐྱོང་ས་ཚིགས་མང་དག་ཅིག་བཙུགས་པ་མ་ཟད། ཆེད་ལས་བདག་སྐྱོང་དཔུང་ཁག་བཟོས་ནས“ལྗང་མདོག་མཚོ་མོ”འདིའི་བདག་སྐྱོང་བྱེད་འགན་འཁུར་གྱི་ཡོད།

    “བདག་སྐྱོང་བ་ཚོས་འདི་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་རང་འཁྲིའི་ལས་ཀར་བརྩི་བ་མ་ཟད། མཚོ་མོ་དང་འདམ་ར་ཡང་རང་ཉིད་ཀྱི་ཕ་ཁྱིམ་ལྟ་བུར་བརྩིས་ནས་བདག་སྐྱོང་བྱེད་ཀྱི་ཡོད”ཅེས་ལི་ཧའེ་རུང་གིས་བཤད།

    “རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་བའང་མང་དུ་ཕྱིན་འདུག”

    དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུར་སྐྱོད་སྐབས། ཀོག་ཧྥེ་ཁང་དང་། བོད་ཆས་ཉམས་ལེན་ཁང་། རིག་གནས་བསམ་བཀོད་ཚོང་ཁང་སོགས་སུ་ཡུལ་སྐོར་བས་ཁེངས་ནས་དགོད་སྒྲ་བར་མེད་དུ་གྲགས།

    ཀོག་ཧྥེ་ཁང་ཞིག་གི་སྒོ་འགྲམ་དུ་རྩེད་ཆས་ཆེན་པོ་སྟར་སྒྲིག་ཏུ་ཡོད་པ་དེས་ཡུལ་སྐོར་བ་མང་པོའི་མིག་དབང་འཕྲོག་ཅིང་། དེ་ནས་བྲོ་ཞིམ་ཀོག་ཧྥེ་འཚོང་བ་མ་ཟད། ད་དུང་རང་ཉིད་ཀྱིས་བཟོས་པའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཀྱང་འཚོང་གི་ཡོད། “བྲིན་ཤོས་འཁྱགས་སྒམ་ལ་སྦྱོར་བྱེད་རེད། དེའི་སྒང་གི་རི་མོ་ཚང་མ་ང་ཚོ་སོ་སོས་འཆར་འགོད་བྱས་པ་ཡིན”ཞེས་ཀོག་ཧྥེ་ཁང་གི་སྦྱིན་བདག་ལིའུ་པོ་ཡིས་བཤད།

    ཉེ་བའི་ལོ་ཤས་རིང་། དེ་གའི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཡོད། དེས་ན་གངས་རིན་པོ་ཆེར་ཡོང་མཁན་ཡུལ་སྐོར་བ་མང་པོས་གྲོང་རྡལ་ཆུང་ངུ་དེ་ངལ་གསོ་རྒྱག་སར་བྱེད་ཀྱི་ཡོད།

    “རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཡུལ་སྐོར་བ་མང་དུ་ཕྱིན་ཙང་ང་ཚོའི་ཚོང་ཡང་ཡག་ཏུ་ཕྱིན་སོང”ཞེས་གྲོང་རྡལ་གྱི་འགྱུར་ལྡོག་གླེང་སྐབས་ལིའུ་པོ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    ན་ནིང་། ཁོང་གིས་གྲོང་རྡལ་ཆུང་ངུ་དེར་ཚོང་ཁང་བཙུགས་ན་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་གི་ཡོད་པ་གོ་ཐོས་བྱུང་བ་དང་། ས་ཆའི་གནས་སྟངས་ཀྱང་ཡག་པོ་ཡོད་པ་མཐོང་སྐབས། ཁོང་ལ་དེ་གར་ཀོག་ཧྥེ་ཁང་འཛུགས་རྒྱུའི་འདུན་པ་དྲག་པོ་སྐྱེས། “གྲོང་རྡལ་ཆུང་ངུས་ང་ཚོར་བོགས་དངུལ་ཆག་ཡང་བཏང་བ་མ་ཟད། བར་ག་ཤང་སྲིད་གཞུང་གི་ལས་དོན་པའང་རྟག་ཏུ་འདི་གར་ཡོང་ནས་ང་ཚོར་དགོས་མཁོ་གང་ཡོད་མེད་སྐད་ཆ་དྲིས་ཏེ་ཞབས་ཞུའི་ཐད་འགན་ལེན་ཡག་པོ་བྱེད་ཀྱི་འདུག”ཅེས་ལིའུ་པོ་ཡིས་བཤད།

    འདི་ལྟ་བུའི་རྒྱབ་སྐྱོར་ཡོད་པས་ལིའུ་པོ་ཡིས་དེ་བས་བློ་བདེ་པོས་ཀོག་ཧྥེ་འཚོང་བ་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཇུས་འགོད་བྱེད་ཆོག་གི་ཡོད། “མི་དེ་བས་མང་བ་ང་ཚོའི་གྲོང་རྡལ་ཆུང་ངུ་འདིའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་ཡོང་རྒྱུའི་རེ་བ་ཡོད”ཅེས་ལིའུ་པོ་ཡིས་བཤད།

    “ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་བས་ང་ཚོའི་ལས་ཀ་བྱེད་སེམས་ཀྱང་ཆེ་རུ་ཕྱིན་སོང”

    རྡོག་ཁྲེས་བཀལ་བའི་ཁལ་མ་དལ་བུར་སྐྱོད་བཞིན་ཡོད་པ་དང་། ཡུལ་སྐོར་བ་ཚོས་མཐའ་འཁོར་གྱི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་ཡོད། གངས་རིན་པོ་ཆེའི་འདབས་ཀྱི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ནི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་སྣང་།

    ལོ་ལྟར་གྱི་ཟླ་བ་5པ་ནས་9པའི་བར། དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གནས་སའི་གངས་ས་གྲོང་ཚོའི་ཡུལ་མི་སངས་རྒྱས་རྡོ་རྗེས་ཁལ་གཡག་དང་རྟ་ལ་བརྟེན་ནས་ཡུལ་སྐོར་བར་རྡོག་ཁྲེས་དབོར་རོགས་དང་ཡུལ་སྐོར་ཉམས་ལེན་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད་ཅིང་། དེ་ནི་སངས་རྒྱས་རྡོ་རྗེའི་འཚོ་ཐབས་གལ་ཆེན་ཞིག་ཡིན་པ་དང་དེ་ལས་ཟླ་རེར་ཡོང་འབབ་སྒོར་6000ཙམ་ཡོང་གི་ཡོད།

    གངས་ས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཡེ་ཤེས་ཀྱིས་ངོ་སྤྲོད་བྱས་དོན། 1981ལོར་ཡུལ་མིས་ཁལ་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་། 1996ལོར་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྣམ་པའི་ཐོག་ནས་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱས་པ་རེད། 2018ལོར་གངས་ས་གྲོང་ཚོས་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་ནས་མ་རྐང་ལམ་ལུགས་ཀྱི་ཚད་ལྡན་དོ་དམ་བརྒྱུད་ཡོང་འབབ་མང་ཆེ་བ་ཡུལ་མིར་བགོས་ཡོད།

    ཡུལ་མི་ཚོས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་ཕྱུགས་འཚོ་བ་དང་། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ནང་ཞུགས་ནས་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད། ལོ་གཅིག་ལ་ཡོང་འབབ་ཁག་གཉིས་ཡོད་པས་ཡུལ་མི་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    2024ལོར་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིར་ཡོང་འབབ་སྒོར་ཁྲི་2200ལྷག་ཙམ་བྱུང་བ་དང་། དེའི་ནང་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་1270ལྷག་ཙམ་བྱུང་ནས་མ་རྐང་ནང་ཞུགས་མཁན་གངས་ས་གྲོང་ཚོའི་མང་ཚོགས་1206ལ་ངལ་ལས་ཡོང་འབབ་སྒོར་ཁྲི་966ལྷག་ཙམ་བྱུང་བ་དང་ཁེ་སྤོགས་སྒོར་ཁྲི་181ཙམ་བགོས་ཡོད།

    “ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་བས་ང་ཚོའི་ལས་ཀ་བྱེད་སེམས་ཆེ་རུ་ཕྱིན་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག ང་ཚོའི་འཚོ་བ་ཇེ་ཡག་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་སངས་རྒྱས་རྡོ་རྗེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།