ཆུ་ཚན་ཐོན་ལས་གཉེར། ཞིང་ཁྱིམ་ཕྱུག་པོ་ཆགས།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་ལོ་ལྟར་དྲོད་ཚད་ཧྲེ་ཧྲི་ཏུའུ་63ཟིན་པའི་ཆུ་ཚན་གྱི་ཆུ་ལྷོག་ལྷོག་ཏུ་འཁོལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་ཡུལ་མིས་ཐུན་མོང་མ་ཡིན་པའི་ཆུ་ཚན་གྱི་ཐོན་ཁུངས་ལ་བརྟེན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད།
ཡུལ་མི་རྟ་མགྲིན་ནི་ཆབ་ཁ་གྲོང་ཚོའི་ཆུ་ཚན་ཐོན་ལས་གསར་འབྱེད་བྱེད་མཁན་ཡིན་ཞིང་། 2013ལོར་ཁོང་གིས་ཕ་ཡུལ་གྱི་ཆུ་ཚན་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་ཤེས་རྟོགས་བྱུང་ནས་གྲོང་ཚོ་ཡོངས་ཀྱི་ཟུར་ཁང་གཅིག་པུའི་ཁྱིམ་ཚང་ཆུ་ཚན་ཐོག་མ་དེ་བཙུགས། “སྐབས་དེར་ངས་སྒོར་ཁྲི་17བཏང་ནས་ཁྱིམ་ཚང་ཆུ་ཚན་བཙུགས་པ་ཡིན། འོན་ཀྱང་མི་མང་ཆེ་བས་ལུང་ཁུག་འདིར་ཆེད་མངགས་ཆུ་ཚན་རྒྱག་པར་ཡོང་མཁན་སུ་ཡོད་ཅེས་ལྟ་སྟངས་ཡག་པོ་འཛིན་གྱི་མི་འདུག”ཅེས་རྟ་མགྲིན་གྱིས་ཐོག་མར་ལས་གཏོད་བྱེད་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
ས་གནས་ཁག་གི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་སླེབས་པ་དང་བསྟུན་ནས་རྟ་མགྲིན་ཁྱིམ་གྱི་ཚོང་ཧ་ཅང་ཡག་པོ་བྱུང་བས་ཡུལ་མི་ཚོའི་སེམས་ཁྲལ་ཡང་རིམ་བཞིན་འཇགས། 2019ལོར་སྲིད་གཞུང་སྡེ་ཚན་གྱི་སྒྲིག་འཛུགས་འོག་ཡུལ་མི་བསོད་ནམས་དབང་འདུས་ཕྱིར་སློབ་སྦྱོང་ལ་བསྐྱོད་ནས་ཁྱིམ་ཚང་ཆུ་ཚན་གཉེར་སྐྱོང་བྱེད་སྟངས་སྦྱངས། ཕ་ཡུལ་དུ་ལོག་རྗེས་ཁོང་གིས་འཕྲལ་མར་ཁྱིམ་ཚང་ཆུ་ཚན་གྱི་ལས་རྣམ་ཁྱོན་ཡོངས་ནས་ལེགས་སུ་གཏོང་འགོ་བཙུགས་ཤིང་། 2020ལོ་དང་2023ལོར་རྒྱས་སྐྲུན་དང་སྒྱུར་བཀོད་ཐེངས་གཉིས་བྱས་པ་བརྒྱུད། ད་ཆ་ཁོང་གི་ཁྱིམ་ཚང་ཆུ་ཚན་གྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་400ཟིན་པ་དང་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་ཟིན་གྱི་ཡོད།
ཆབ་ཁ་གྲོང་ཚོའི་ཆུ་ཚན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། བཞད་མཐོང་སྨོན་རྫོང་གིས་ལས་ཁུངས་མང་པོར་རྣམ་གྲངས་མ་དངུལ་རེ་ཞུ་བྱས་ཏེ་གྲོང་གསེབ་ཀྱི་བགྲོད་ལམ་ལེགས་གཏོང་དང་ཆུ་ཚན་ཐོན་ལས་ཀྱི་ཞན་ཆ་སེལ་བའི་རྣམ་གྲངས་ལག་ལེན་བསྟར་ནས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། སྡིར་སོ་འཕྲུལ་ཆས། རླངས་འཁོར་འཇོག་སའི་རིག་ནུས་མ་ལག་སོགས་ཀྱི་རྣམ་གྲངས་བསྐྲུན་ཡོད། 2023ལོར་ཆབ་ཁ་གྲོང་ཚོའི་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་བདེ་བླག་ངང་བསྐྲུན་པ་དང་། 2024ལོར་ཆབ་ཁ་གྲོང་ཚོ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི“གྲོང་ཚོ་སྟོབས་ཆེན་བརྒྱའི”ནང་ཚུད་ཡོད།
“ན་ནིང་གཞིས་རྩེ་མེ་འཁོར་འབབ་ཚུགས་ནས་ང་ཚོའི་གྲོང་ཚོར་ཐད་ཀའི་ཡུལ་སྐོར་ལམ་ཐིག་བཏོད་པས། ཡུལ་སྐོར་བ་ང་ཚོའི་གྲོང་ཚོར་སྔར་བས་ཡོང་བདེ་རུ་ཕྱིན་ཡོད”ཅེས་ཆབ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་གདེང་ཚོད་ཆེན་པོས་བརྗོད་པ་དང་། ཆུ་ཚན་ལ་བརྟེན་ནས་ཡུལ་མིའི་འཚོ་བ་བདེ་སྐྱིད་ལྡན་པར་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།