ལྷུན་གྲུབ་རྫོང་གིས་ཤང་དང་གྲོང་རྡལ་ལ་ཁོར་ཡུག་གཙང་སྦྲའི་རླངས་འཁོར་གསར་པ་12སྤྲད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ“རླངས་འཁོར་རྩིས་སྤྲོད་མཛད་སྒོ”དམིགས་བསལ་ཞིག་འཚོགས་པ་རེད། ལྷུན་གྲུབ་རྫོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ལྷུན་གྲུབ་རྫོང་ཐང་མགོ་གྲོང་རྡལ་དང་། ངར་ནང་ཤང་། ཕུ་མདོ་ཤང་། དེ་བཞིན་རྫོང་འཕན་པོ་སྡེ་ལས་ཀུང་སི་བཅས་ལ་རིན་ཐང་སྒོར་ཁྲི་300ཙམ་རི་བའི་ཁོར་ཡུག་གཙང་སྦྲའི་ཆེད་སྤྱོད་རླངས་འཁོར་གསར་པ་12སྤྲད་པ་རེད། དེ་ནི་རླངས་འཁོར་རྩིས་སྤྲད་པ་ཙམ་མ་ཡིན་པར་ལྷུན་གྲུབ་རྫོང་གིས་འབད་བརྩོན་ཆེན་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་དང་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་དངོས་ཤིག་ཀྱང་རེད།
མཛད་སྒོའི་ཐོག ལྷུན་གྲུབ་རྫོང་ལྟ་འདོམས་སྡེ་ཚན་གྱིས“སྒྲིག་སྲོལ”བཟོས་པ་སྟེ། མངའ་ཁོངས་སྲིད་གཞུང་དང་སྡེ་ལས་ཀུང་སིས“དོ་དམ་པ”ཡག་པོ་བྱས་ཏེ། ཁ་ལོ་བ་ཚོར་བདེ་འཇགས་གསོ་སྦྱོང་སློབ་ཚན་ཡག་པོ་ཁྲིད་པ་དང་། བདེ་འཇགས་འགན་འཁྲིའི་ཡི་གེ་བཞག་ནས་ཁོང་ཚོའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་ཞིབ་བཤེར་དང་ལས་འབྱོར་ཐོ་འགོད་ནན་པོ་བྱས་ཏེ། ཉིན་རེར་ཐོན་པའི་གད་སྙིགས་ཉིན་དེ་རང་ལ་གཙང་མ་བཟོ་དགོས་པ་དང་། རླངས་འཁོར་ལའང་བདག་སྐྱོང་ཡག་པོ་བྱས་ཏེ། ངེས་པར་དུ་དུས་བཀག་ལྟར་ཞིབ་བཤེར་དང་བདག་སྐྱོང་བྱས་ནས་རླངས་འཁོར་ལ་གནས་ཚུལ་མི་ཐོན་པར་འགན་ལེན་བྱེད་དགོས། དེ་བས་གལ་ཆེ་བ་ཞིག་ནི། ཆེད་དུ་གད་སྙིགས་གཙང་མ་བཟོ་བར་ཐོན་སྐྱེད་བྱས་པའི་རླངས་འཁོར་དེ་དག་ངེས་པར་དུ་གཙང་སྦྲ་ཁོ་ནར་སྤྱོད་པ་ལས། གཞན་ལ་མི་སྤྱོད་པར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་གནད་ལ་འཁེལ་པོས་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།
ད་ཐེངས་ཀྱི“རླངས་འཁོར་རྩིས་སྤྲོད་མཛད་སྒོའི”ཐོག་འབྲེལ་ཡོད་འགན་འཁུར་བས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་གད་སྙིགས་རིགས་དབྱེའི་སྐར་གསོག་སྒོ་རྩིས་ཚོང་ཁང་གི“ཐབས་མཆོག”ཡག་པོ་སྤྱོད་དགོས་ལུགས་བསྐྱར་དུ་ནན་བཤད་བྱས་པ་རེད། ཡུལ་མིས་གད་སྙིགས་རིགས་དབྱེ་ཡག་པོ་བྱེད་པ་དང་སྐར་མ་བསགས་ནས་མཁོ་ཆས་དང་བརྗེས་ཚེ། གད་སྙིགས་ཉུང་དུ་དང་རྒྱབ་ཕྱོགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་མ་ཟད། ཡུལ་མིར་ཁོར་ཡུག་སྲུང་སྐྱོང་གི་གོམས་གཤིས་བཟང་པོ་འཇགས་ནས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།