“ངས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡིན”
—— ཏང་ཡོན་ལྷ་དར་གྱིས་བྱང་ཐང་འབྲོག་པ་ཐུན་མོང་ཕྱུག་འགྱུར་གྱི་ངོ་མཚར་བཏོད་པ།
1980ལོར་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མ་ཆེན་ཤང་གི་འབྲོག་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་ལྷ་དར་གྱི་བྱིས་དུས་ཀྱི་བག་ཆགས་ལ། འབྲོག་པ་ཚོས་ཉིན་ལྟར་འབྲི་གཡག་འཚོས་ཀྱང་དབུལ་པོའི་གནས་ལས་བསྒྲལ་མེད། “སྐབས་དེ་དུས་དགུན་ཁ་སྒྲོལ་ཁག་པོ་ཡོད། ཟ་འབྲུ་མི་འདང་བའི་ཁར་ནང་མི་ན་ནའང་སྨན་པ་བསྟེན་ཁག་པོ་ཡོད”ཅེས་ལྷ་དར་གྱིས་ཕྱིར་དྲན་བྱེད་བཞིན་བཤད། སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཁོང་ལོ་བཅུ་ལྷག་ཙམ་གྱི་སྐབས་ནས་ཕྱུགས་རྫི་བྱས་ཏེ་བསྡད། སྐབས་དེ་དུས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་6000ཙམ་ལས་མེད་པས། ནང་མི་དྲུག་པོའི་ལྟོ་གོས་འཕྱིད་ཙམ་ལས་མེད།
2009ལོར་ལྷ་དར་གྱི་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། སྲིད་གཞུང་གིས་ངལ་ལས་ཕྱིར་གཏོང་གསོ་སྦྱོང་སྒྲིག་འཛུགས་ཀྱིས་ཞིང་འབྲོག་པ་ཕྱིར་གླ་པར་བསྐྱོད་རྒྱུར་ལྕག་སྐུལ་བྱས་པས། ལྷ་དར་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་ནས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་རྡོ་སྣུམ་ལས་གྲྭ་སའི་གོ་ལའི་དངོས་ལུགས་ཚད་ཡོད་ཀུང་སིའི་ལྷོ་ཕྱོགས་ཡན་ལག་ཀུང་སིའི་ཁ་ལོ་བར་ཚུད།
ཁ་ལོ་བར་གྱུར་རྗེས། ལྷ་དར་གྱིས་ཉིན་མོ་རྒན་ལགས་དང་མཉམ་དུ་རླངས་འཁོར་གཏོང་སྟངས་སྦྱོང་བ་དང་མཚན་མོ་ས་བཀྲར་ཞིབ་འཇུག་བྱེད་ཀྱི་ཡོད། ས་མཐོའི་བྱེ་རྡོའི་ལམ་འབར་འབུར་དུ་འཁོར་རིགས་འཁྲུག་ཆེ་ལ་སྐྱོད་བདེ་པོའང་མེད་མོད། འོན་ཀྱང་ཁོང་གིས་དཀའ་སྤྱད་རྒྱུན་འཁྱོངས་ཀྱིས་ལོ་གསུམ་རིང་ལམ་ཐག་སྤྱི་ལེ་ཁྲི་10བདེ་འཇགས་ངང་བསྐྱོད་པས་ལོ་རེར་ཡོང་འབབ་ཀྱང་སྒོར་ཁྲི་7.8བྱུང་ཡོད།
2017ལོར་ལྷ་དར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྐབས་དེར་དཔལ་མགོན་རྫོང་གིས“ཏང་འཛུགས་སྐྱོང་གིས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི”འཐབ་ཇུས་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། རྫོང་ཡོངས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་ལྷ་དར་གྱིས་ཚོང་ལས་ཀྱི་གོ་སྐབས་དེར་དམ་འཛིན་གྱིས་རང་འགུལ་ངང་དེའི་ནང་ཞུགས་རྒྱུའི་རེ་ཞུ་བྱས་ནས་མཁའ་སྐྱོད་ཨར་སྐྲུན་ཀུང་སི་དང་ལྷུན་པོ་ལ་རླངས་འཁོར་འཕྲུལ་ཆས་བོགས་གཏོང་ཀུང་སི་བཙུགས།
མཚོ་བོད་ལྕགས་ལམ་སྣུར་སྲིང་དང་གཞུང་ལམ་དྲ་བ་རྒྱ་སྐྱེད་བཏང་བ་དང་ཆབས་ཅིག ཀུང་སིའི་ལས་སྒོ་ཡང་མགྱོགས་མྱུར་འཕེལ་རྒྱས་ཕྱིན། ལྷ་དར་གྱིས་ཀུང་སིའི་ལས་མི་ཚོའི་སྣེ་ཁྲིད་དེ“ལས་ཞུགས་གཞན་སྒྱུར་དང་ཐོན་ལས་དར་རྒྱས་ཟུང་དུ་འབྲེལ་བའི”ཕྱོགས་གཉིས་ནས་སྐུལ་འདེད་གཏོང་འགོ་བཙུགས་ཏེ། གཙོ་རྐང་ཐོན་ལས་ཆེན་པོ་གཉིས་ཡིན་པའི་སྐྱེལ་འདྲེན་མཉམ་ལས་ཁང་དང་ཨར་སྐྲུན་རིམ་བཞིན་སྐྱེད་སྲིང་བྱེད་པ་དང་། ཨར་སྐྲུན་དང་འཕྲུལ་ཆས་བོགས་གཏོང་སོགས་ཐོན་ལས་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་བཏང་བ་བརྒྱུད་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད།
2024ལོའི་ལོ་མཇུག་བར། ཁེ་ལས་གཉིས་ཀྱི་ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་སྟོང་ལས་བརྒལ་ནས་མི་108དབུལ་སྒྲོལ་དང་མི་134ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་104.9སྤྲད་པ་རེད།
ད་ཆ་ལྷ་དར་གྱིས་ནག་ཆུ་དང་མངའ་རིས་སོགས་སུ་ལས་སྒོ་རྒྱ་སྐྱེད་གཏོང་རྩིས་ཡོད་ཅིང་། ཁོང་གིས“ངས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད་པ་དང་། ཁོང་གི་སྐད་ཆའི་ནང་ཁེ་ལས་མཁས་ཅན་གྱི་བློ་སྟོབས་ཡོད་ལ། གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་ཡང་འདུས་ཡོད།
འབྲེལ་ཡོད་གསར་འགྱུར།