དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཟངས་རི་རྫོང་གིས་མི་ཕྱུགས་ལོགས་དབྱེ་ཚད་བརྒལ་དུ་བྱས་ཏེ་གྲོང་གསེབ་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་རྒྱང་ལམ་གསར་པར་བསྐྱོད་པ།

    སྡོད་མལ་ཁོར་ཡུག་ལེགས། ལུས་སེམས་བདེ་ལ་འཁོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-16

    འདི་ནི་ཟངས་རི་རྫོང་དུ་གསར་དུ་བསྐྲུན་པའི་གཅིག་སྡུད་བ་ཚང་ཡིན་པ།

    འདི་ནི་གྲོང་མིས་གསར་དུ་བསྐྲུན་པའི་བ་ཚང་ནང་སྒོ་ཕྱུགས་ལ་གཟན་རྩྭ་སྟེར་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ། སྤྱིར་བཏང་མིན་པའི་སྙིང་སྟོབས་དང་བློ་གྲོས་ལ་བརྟེན་ནས་མི་ཕྱུགས་ལོགས་དབྱེའི་ལས་དོན་འགག་རྩ་དང་ཚད་བརྒལ་དུ་བྱས་ཏེ་གྲོང་གསེབ་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་བརྗིད་ཉམས་ལྡན་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས།

    བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་ཀྱི་འདུ་ཤེས་བསྒྱུར་བ།

    ཟངས་རི་རྫོང་གིས་ཏང་དམངས་བྱེད་སྒོའི་ཉིན་མོའི་འཁྲུག་ཆ་དོད་པའི་རྣམ་པར་བརྟེན་ནས་ལས་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ལ་མི་ཕྱུགས་ལོགས་དབྱེའི་དོན་སྙིང་འགྲེལ་བཤད་བརྒྱབ་པ་དང་སྐད་འཕྲིན་ཚོགས་པའི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་སྲིད་ཇུས་དང་ཤེས་བྱ་དུས་ཐོག་ཏུ་ཁྱབ་གདལ་བཏང་བར་བརྟེན། མང་ཚོགས་ཚོས་མི་ཕྱུགས་ལོགས་དབྱེ་བྱས་ན་བདེ་ཐང་དང་། སྐྱེ་ཁམས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཚོད་དཔག་བྱེད་ཐབས་བྲལ་བའི་ཕྱོགས་བསྡུས་ཕན་འབྲས་ཐོན་པའི་ངོས་འཛིན་ཐུབ་ཡོད།

    ད་ཆ་མང་ཚོགས་ཀྱི་འདུ་ཤེས་རིམ་གྱིས་བསྒྱུར་ནས“གཞོགས་ནས་ལྟ་མཁན”ནས་འཕོ་འགྱུར་ནང“ཞུགས་མཁན”དུ་གྱུར། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟངས་རི་རྫོང་གིས་བསྡོམས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁྲི་1ལྷག་ཙམ་བཀྲམ་པ་དང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་39ལ་བསྐྱོད་པར་མང་ཚོགས་99%ཡན་གྱི་རྒྱབ་སྐྱོར་ཐོབ་ཡོད།

    ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་ཕྱུགས་ལོགས་དབྱེའི་ལས་གྲྭ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ལ་འགན་ལེན་གྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། གྲོང་གསེབ་ས་ཞིང་གི“དབང་གསུམ་ལོགས་འཛུགས”སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལེགས་བསྡུས་གྲོན་ཆུང་གི་རྩ་དོན་རྒྱུན་འཁྱོངས། མཉམ་དུ་ཞིབ་བཤེར་དང་མཉམ་དུ་ཆོག་མཆན་འགོད་པ་དང་བདག་སྤྲོད་ལམ་སྲོལ་ཁྱབ་གདལ་གཏོང་བ་བཅས་བྱས་པར་བརྟེན་རྣམ་གྲངས་ས་སྤྱོད་ལ་ཆོག་མཆན་འགོད་པའི་ལས་ཆོད་40%མགྱོགས་སུ་ཕྱིན་ཏེ་མི་ཕྱུགས་ལོགས་དབྱེའི་རྣམ་གྲངས་ཀྱི་ས་སྤྱོད་ལ་འགན་ལེན་ཐུབ་སྟེ“ས་སྤྱོད་དཀའ་བའི”འཇུར་མིག་ཐག་གཅོད་ཐུབ་ཡོད།

    དེ་དང་ཆབས་ཅིག་ཟངས་རི་རྫོང་གིས་མི་ཕྱུགས་ལོགས་དབྱེ་དང་ཐོན་ལས་རིམ་སྤོར་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གསོ་སྤེལ་གཅིག་སྡུད་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། སྲོལ་རྒྱུན་གྱི་ཁ་ཐོར་གསོ་ཚགས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གསོ་ཚགས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། “སྦིད་པའི་བོད་ཕག”དང་། “རྩྭ་པའི་བོད་སྒོང” “སྟག་ཤེལ་ཚགས་ཤ”སོགས་ཁྱད་ལྡན་སྤུས་རྟགས་ཧུར་ཐག་བཏོད་པ་མ་ཟད། དཔལ་འབྱོར་ལོ་ཏོག་འདེབས་འཛུགས་འཚོལ་ཞིབ་བྱས་ཁར། སྒོར་ཁྲི་500བཏང་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་ལོ་མཇུག་བར། ཟངས་རི་རྫོང་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་10ཡན་ཟིན་པའི་གྲོང་ཚོས(སྡེ་ཁུལ)བཟུང་བའི་བསྡུར་ཚད་ཆེས་ཆེར་འཕར་ནས་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཐད་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་ཡོད།

    མི་ཕྱུགས་མཉམ་སྡོད་ཀྱི་དཀའ་གནད་ཐག་གཅོད་བྱས་པ།

    ཟངས་རི་རྫོང་གིས་སྲུང་སྐར་རྒྱང་ཚོར་ཐིག་ལེན་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱི་བྱ་ཐབས་ལ་བརྟེན་ནས་སྲིད་འཛིན་གྲོང་ཚོ་39ཡི་བྱེད་ནུས་དབྱེ་ཁུལ་གནད་སྨིན་ངང་གཏན་འཁེལ་བྱས་ཏེ“མི་ལ་བདེ་འཇགས་ཀྱི་ཁང་པ་ཡོད་པ་དང་། སྒོ་ཕྱུགས་ལ་ཚད་ལྡན་གྱི་ཕྱུགས་ཚང་ཡོད་པ། ཚད་གཞི་མཐོ་བའི་ས་ཞིང་ཡོད་པ”བཅས་བྱས་ཡོད།

    ཟངས་རི་རྫོང་གིས་ད་དུང“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ལ་བཅོས་སྒྲིག”གི་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཟངས་རི་གྲོང་རྡལ་གྱི་ཞོལ་པ་དང་ནུབ་མཁར་སྡེ་ཁུལ་དུ་མི་ཕྱུགས་ལོགས་དབྱེའི་ལས་དོན་ཚོད་ལྟའི་ངང་ཁྱབ་གདལ་བཏང་ནས་གནས་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་གསོ་ཚགས་བྱ་ཐབས་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    ཡུལ་མིའི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཕྱུགས་ལོགས་དབྱེ་གྲོང་སྲོལ་དམངས་ཆིངས་ནང་འཇུག་པ། “སྒྱུར་བཅོས་གསུམ”གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཡོན་གྱིས་སྣེ་ཁྲིད་ནས་ཕྱུགས་ཚང་རྙིང་པ་བཤིག་པའི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ། ཕྱུགས་ཚང་རྙིང་པ་1500ལྷག་ཙམ་བཤིག་པ་བཅས་བྱས་ནས་ཁང་ས་མུའུ་80ལྷག་ཙམ་ལ་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལེའུ་བརྩམས་པ།

    མི་ཕྱུགས་ལོགས་དབྱེ་ཚད་བརྒལ་དུ་བྱས་ཏེ་ཟངས་རི་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་སྒོ་ར་གསར་སྐྲུན། གྱང་རོ་བཤིག་པ་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་སྤེལ་ནས་གང་བྱུང་དུ་བསྐྲུན་པའི་ཁང་པ་600ལྷག་ཙམ་བཤིག་སྟེ་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་21བསྐྲུན་ཡོད།

    མཛེས་སྡུག་ལྡན་པའི་སྒོ་ར“ཆུང་ཞིང་ཁ་ཐོར”ནས“རྒྱ་ཆེ་གཅིག་སྡུད”དུ་བསྒྱུར་ཅིང་། ཟངས་རི་རྫོང་གིས་ཁང་པའི་རྒྱབ་མདུན་གྱི་ས་སྟོང་དང་། མི་ཕྱུགས་ལོགས་དབྱེ་བྱས་རྗེས་ཀྱི་ས་ཆ། ངལ་རྩོལ་ནུས་ཤུགས་ཐོན་ཁུངས་བཅས་སྤྱད་དེ་སྒོ་རའི་དཔལ་འབྱོར་གྱི་ཤིང་འབྲས་ལྡུམ་ར་འཕེལ་རྒྱས་བཏང་སྟེ། ཐོན་ལས་གསར་པ་གཉེར་ནས་ཐོན་ལས་རིམ་སྤོར་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    མཛེས་སྡུག་ལྡན་པའི་ཡུལ་སྲོལ་“གོམས་སྲོལ་རྙིང་པ”དོར་ནས“དར་སྲོལ་གསར་པའི”ཕྱོགས་སུ་བསྐྱོད་ཅིང་། ཟངས་རི་རྫོང་གིས་མི་ཕྱུགས་ལོགས་དབྱེ་དང་ཟུང་འབྲེལ་བྱས་ཏེ“མིང་གཞུང་དམར་ནག”གི་ལམ་ལུགས་བཙུགས་ནས་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་སྔོན་ཐོན་ཤང་དང་གྲོང་རྡལ་དང་། གྲོང་ཚོ(སྡེ་ཁུལ) དུད་ཚང་བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། གོམས་གཤིས་ངན་པའི་དཔེ་མཚོན་དམར་འདོན་བྱས་ནས་དར་སྲོལ་གསར་པར་སྣེ་ཁྲིད་བྱས་ཡོད། “ཀུན་མཐོང་ལས་གྲྭའི”ལྟ་སྐུལ་ཚོད་འཛིན་མ་ལག་སྤྱད་དེ་སྒྲིག་འགལ་ངང་སྒོ་ཕྱུགས་གློད་པ་དང་གད་སྙིགས་གང་བྱུང་དུ་དབྱུག་པ་སོགས་ཀྱི་བྱེད་སྤྱོད་ལ་རིག་ནུས་ནས་ལྟ་སྐུལ་ཚོད་འཛིན་དང་། དུས་ཐོག་ཏུ་སྐུལ་སྤེལ། བཅོས་སྒྲིག་ལ་སྐུལ་འདེད་བཅས་བྱས་ཏེ་རིག་ལྡན་དོ་དམ་ལ་བརྟེན་ཏེ་བཅོས་སྐྱོང་གི་ལས་ཕྱོད་50%མཐོ་རུ་བཏང་ཡོད།

    ད་ཆ་ཟངས་རི་རྫོང་གི་ལྗང་མདོག་སྒོ་རའི་དཔལ་འབྱོར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་ཕྱུགས་མཉམ་སྡོད་བྱས་ནས་ཕོག་པའི་ནད་གཞི་ཐོན་ཚད་ཆེས་ཆེར་ཉུང་དུ་ཕྱིན་ཏེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།