དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་གྲོང་ཚོ་སྟོབས་ལྡན་དང་དམངས་ཕྱུག་ཐོན་ལས་དར་ཁུལ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-15

    དབྱར་འགོའི་དུས་སུ་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    གྲོང་ཚོ་ཚང་མར་རྣམ་གྲངས་ཡོད་པ་དང་། ཁྱིམ་ཚང་ཚང་མར་ལས་རིགས་གཙོ་བོ་ཡོད་པ། མི་ཚང་མར་ཕན་པ་ཐོབ་པ་བཅས་མངོན་འགྱུར་བྱ་ཆེད། སྨན་གླིང་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “རྩ་འཛུགས་ཀྱིས་སྣེ་ཁྲིད་པ”དང་། “འཇོན་ཐང་ཅན་གྱིས་ཁྲིད་སྟོན” “ཁེ་ལས་ཤང་དུ་བསྐྱོད་པ” “གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན”སོགས་ཐབས་ལམ་མང་པོ་འཚོལ་ཞིབ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་69ཡི་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་5ལས་བརྒལ་བ་དང་། དེའི་ནང་སྒོར་ཁྲི་50ཡན་གྱི་གྲོང་ཚོ་50%བཟུང་བ་དང་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30245ཟིན་གྱི་ཡོད།

    རྩ་འཛུགས་སྟོབས་ཆེར་སོང་བ་དང་བྱ་ཐབས་མང་དུ་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་གྲོང་ཚོའི་ལས་བྱེད་པའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། ཤང་དང་གྲོང་ཚོའི་ལས་བྱེད་པར་རེས་སྐོར་སྦྱོང་བརྡར་ཐེངས་མང་བྱས་ནས་གྲོང་ཚོའི་ལས་བྱེད་པ་གཙོ་བོ་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་རྟོག་ཞིབ་བྱེད་པར་བཏང་སྟེ་གཞི་རིམ་ལས་བྱེད་པར་མཐོང་རྒྱ་སྔར་བས་ཡངས་བ་དང་ཕུལ་བྱུང་གི་འཇོན་ཐང་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་སྔར་བས་ཆེ་བ་འདོན་པར་རོགས་རམ་བྱས་ཡོད།

    ཆབ་ནག་ཤང་བྷ་ག་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུས་འགྱིག་ཤོག་དྲོད་ཁང་ཆེན་པོའི་འདེབས་འཛུགས་ཀྱི་མདུན་ལམ་ལ་བལྟས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྟོག་ཞིབ་ཐེངས་མང་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་མཐར་ས་ཞིང་མུའུ་262བརྒྱུད་བཤུག་བཏང་བ་དང་འགྱིག་ཤོག་དྲོད་ཁང་50ལྷག་ཙམ་བསྐྲུན་ནས་ཀྭ་དང་སྔོ་ཚལ་བཏབ་པ་རེད།

    འགྱིག་ཤོག་དྲོད་ཁང་བེད་སྤྱོད་བཏང་རྗེས། སྨན་གླིང་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་གིས་བྷ་ག་གྲོང་ཚོ་གཙོ་བོར་བྱས་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་མངགས་ཐོ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ལ་ཐད་ཀར་མཁོ་སྤྲོད་བྱས་པས། ཉིན་རེར་ཆ་སྙོམས་སྔོ་ཚལ་སྣ་ཚོགས་རྒྱ་མ་2000ཕྱིར་ཚོང་བྱས་ནས་ཉེ་འཁོར་གྱི་གྲོང་ཚོ་5ཡི་གྲོང་མི་200ལྷག་ཙམ་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།

    “འཇོན་ཐང་ཅན”གྱིས་རྣམ་གྲངས་མངོན་འགྱུར་བྱས་པ།

    ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོའི་བོད་ཤོག་ལས་སྣོན་བཟོ་གྲྭར་སྐྱོད་སྐབས། འཁོར་ཁང་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་ཐོན་རྫས་སྣ་ཚོགས་བསྒྲིགས་ཡོད་པ་རེད། བཟོ་གྲྭའི་འགན་འཁུར་བ་སྟོབས་ལྡན་གྱིས། དེང་རབས་ཚན་རྩལ་བརྒྱུད་གནའ་བོའི་བོད་ཀྱི་རིག་གནས་ལ་སྐྱེ་སྟོབས་གསར་པ་འཕེལ་བ་དང་བོད་ཤོག་ལས་སྣོན་བྱས་པའི་ཟིན་བྲིས་དང་ཐང་ཁ་སོགས་བཟོ་རྩལ་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ་དང་། ལས་བཟོའི་དུད་ཚང་13གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་3.6འཕར་ཡོད།

    “འཇོན་ཐང་ཅན”ལ་དམ་འཛིན་བྱེད་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱིས་བློ་རིག་འདོན་སྤེལ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་བའི་སྒོ་རྩའི་ཁེ་ལས་འཛུགས་རྒྱུ་ནི་སྨན་གླིང་གྲོང་ཁྱེར་གྱིས་དམངས་ཕྱུག་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད།

    2018ལོར། ཕྱུག་འགྱུར་འཇོན་ཐང་ཅན་བདེ་སྐྱིད་དབང་མོས་གྲོང་མི་དང་གྲོང་ཚོའི་མཉམ་སྡེབ་ཐུན་མོང་ཐོག་མ་རྐང་ནང་ཞུགས་པའི་ཐབས་ལམ་ནས་ཡར་ཀླུང་གཙང་པོའི་འགྲམ་དུ་ཀོང་བཙུན་བདེ་མོ་ཞིང་གྲོང་བསྐྲུན་ནས་ལྟོ་ཆས་དང་། ཞག་སྡོད། ལྟ་སྐོར། རླངས་འཁོར་འཇོག་ས། སྤྲོ་གསེང་གུང་གསེང་བཅས་གཞི་གཅིག་ཏུ་བསྡུས་པའི་ཞབས་འདེགས་ཞུས་ནས་བུད་མེད་106ལས་ཞུགས་ཐུབ་པ་དང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཟིན་གྱི་ཡོད་པ་རེད།

    དེ་དང་འདྲ་བར་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར”ཉི་མས་བཙུགས་པའི་ཉི་དམར་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རས་ཀོ་ཤ་འདེབས་འཛུགས་གཙོ་ཁྲིད་ཐོན་ལས་སུ་བྱས་ཏེ། “གཅིག་གྱུར་གསོ་སྦྱོང་དང་། གཅིག་གྱུར་ཐོག་ཀོ་ཤའི་སོན་མཁོ་འདོན་བྱེད་པ། གཅིག་གྱུར་ཕྱིར་བསྡུ”བཅས་ཀྱི་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ། མཐའ་འཁོར་གྱི་ཤང་4དང་གྲོང་ཚོ་7གྱི་གྲོང་མི་200ལྷག་ཙམ་ནགས་ཁྲོད་ཀོ་ཤ་དཀར་པོ་འདེབས་འཛུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་ཞིང་དུད་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་460འཕར་བར་རོགས་རམ་བྱས་པ་རེད།

    ཁེ་ལས་གྲོང་ཚོར་བསྐྱོད་པས་ལས་གནས་ཡོད་པ།

    གྲོང་ཚོའི་ནང“འཇོན་ཐང་ཅན”སྤྱོད་པ་དང་གྲོང་ཚོའི་ཕྱི་རོལ་ནས“སྦྱིན་བདག”གདན་དྲངས་ཤིང་། སྨན་གླིང་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་གཉིས་ཀར་དམ་འཛིན་བྱས་ཏེ། ཁེ་ལས་གྲོང་གསེབ་ཏུ་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་དང་། རྣམ་གྲངས་དང་། མ་རྩ། ལག་རྩལ་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་གྲོང་ཚོར་ཁྱབ་པར་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།

    ཆབ་ནག་ཤང་བྷ་ག་གྲོང་ཚོའི་གླ་བ་གསོ་སྤེལ་རྟེན་གཞིར་སྐྱོད་སྐབས། ར་བའི་ནང་དུ་གླ་བ་འཕག་མཆོང་རྒྱག་བཞིན་འདུག ངོ་སྤྲོད་བྱས་པར་གཞིགས་ན། གླ་རྩིར“གསེར་མཉེན་པོ”ཞེས་འབོད་ཅིང་། ཁེ་རེར་ཁྲོམ་རའི་རིན་གོང་སྒོར་600ལས་བརྒལ་གྱི་ཡོད། 2023ལོར། བྷ་ག་གྲོང་ཚོས་བོད་ལྗོངས་གླ་བ་ཞིང་འབྲོག་གསར་སྤེལ་ཀུང་སི་ནང་འདྲེན་བྱས་ནས་གསོ་སྤེལ་རྟེན་གཞི་མུའུ་30ལྷག་ཙམ་བསྐྲུན་ནས་གྲོང་མི་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    དེ་དང་འདྲ་བར་2023ལོར། བོད་ལྗོངས་ཉང་ཆུའི་སྐྱེ་ཁམས་ཉ་ལས་ཚད་ཡོད་ཀུང་སི་གྲོང་ཚོ་དེར་གཞིས་ཆགས་ནས་ཉ་ཕྲུག་ཁྲི་700ཙམ་ཡོད་པའི་གསོ་སྤེལ་རྟེན་གཞི་བསྐྲུན་ནས“གསོ་སྤེལ་སྐྱོང་གསུམ”གཞི་གཅིག་ཅན་གྱི་འབྲེལ་ཐག་ཆགས་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་ཉ་གསོ་ཚགས་ཀྱི་གཞི་ཁྱོན་ཆེས་ཆེར་ཕྱིན་ཡོད། 2024ལོར། ཉ་ཕྲུག་ཁྱོན་བསྡོམས་ཁྲི་400ལྷག་ཙམ་བཙོངས་ནས་ཁེ་བཟང་སྒོར་ཁྲི་340ཐོབ་ཡོད།

    གསོ་ཚགས་ལག་རྩལ་དང་འདེབས་འཛུགས་ཐབས་ལམ་ལྡན་པས་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོའི་ར་མཉེ་ཐོན་ལས་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ས་གནས་དེ་གས་ཡུན་ནན་ཡུན་ཀྲུང་ཟས་རིགས་ཚན་རྩལ་ཚད་ཡོད་ཀུང་སི་དང་སྨན་གླིང་གི་ར་མཉེའི་ཐོན་ཁུངས་གསར་སྤེལ་ཡན་ལག་ཀུང་སི་མཉམ་ལས་ཀྱིས་བཙུགས་པ་དང་། ཞིང་པ་དུད་ཚང་35ཡི་སྣེ་ཁྲིད་དེ་ནགས་ས་མུའུ་500མ་རྐང་ནང་བཞག་ནས་གཉེར་སྐྱོང་བྱས་པས། སྟབས་བདེའི་ས་ཞིང་བརྒྱུད་བཤུག་དེ་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བཤའ་བརྒྱབ་སྟེ་ཁེ་བཟང་དེ་བས་རྒྱུན་མཐུད་ཐུབ་པ་བྱུང་ཡོད། 2024ལོར། རྣམ་གྲངས་དེས་རིམ་རྩིས་བརྒྱབ་ན། ལས་ཞུགས་མི་ཐེངས་8000ལ་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་200འཕར་ཡོད་པ་རེད།

    གྲོང་ཚོས་མཉམ་ལས་ཧུར་ཐག་བྱས་པ།

    སྨན་གླིང་གྲོང་ཁྱེར་ནི་རི་མཐོ་གྲོག་རོང་དུ་གནས་ཤིང་། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་69ཡི་བར་ཐོན་ཁུངས་ཀྱི་ཁྱད་པར་ཅུང་ཆེ་བ་དང་འཕེལ་རྒྱས་ཧ་ཅང་དོ་སྙོམས་མིན་པས། གྲོང་ཚོ་རང་རང་སོ་སོ་འཕེལ་རྒྱས་བཏང་ཚེ་གཞི་ཁྱོན་ཆེན་པོ་ཆགས་དཀའ་བས་འཇུར་མིག་ལས་སྒྲོལ་ཆེད་སྨན་གླིང་གྲོང་ཁྱེར་གྱིས་གྲོང་ཚོ་ཁག་གི་ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་ཐུན་མོང་ཐོག་འཕེལ་རྒྱས་བཏང་བས་རྗེས་ལུས་གྲོང་ཚོ་དེ་གཏིང་ཤུགས་ཆེན་པོ་ལྡན་པའི་གྲོང་ཚོར་གྱུར་ཡོད།

    གནས་ལུང་ཤང་གནས་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤི་ལོག་གིས། “གྲོང་ཚོ་གཉིས་ཀྱི་སྟོབས་ཤུགས་བསྡུ་རུབ་དང་ཐུན་མོང་གཉེར་སྐྱོང་གིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་ཆེན་པོ་དེ་བས་མང་བ་དང་ལེན་བྱེད་པ་བཅས་བྱས་ནས་ཁེ་ལས་ཀྱིས་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད”ཅེས་བཤད།

    མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར། “གཞན་བརྟེན”ནས“རང་བརྟེན”བར། ཁེར་རྐྱང་ནས་ཐུན་མོང་འཕེལ་རྒྱས་བར། སྨན་གླིང་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ལས་དར་དང་གྲོང་ཚོ་སྟོབས་ལྡན་དང་དམངས་ཕྱུག་གི་གཏམ་རྒྱུད་སྔར་མུས་བཞིན་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།