བཟང་བཟང་ཚགས་ཤའི་བྲོ་བ་ཞིམ། དྲ་ཚོང་ཐད་གཏོང་བྲིན་ཁ་རྒྱུག
གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་དྲ་ཚོང་ཞིང་སྐྱོར་ཐད་གཏོང་བྱེད་སྒོའི་སྐོར་རགས་ཙམ་བཀོད་པ།
ཉེ་ཆར། “རྣམ་བཀྲའི་ཇོ་རི། དྲ་ཚོང་ཞིང་སྐྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲ་ཚོང་ཞིང་སྐྱོར་ཐད་གཏོང་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དུ་བདེ་བླག་ངང་སྤེལ་བ་རེད།
བྱེད་སྒོའི་ཐོག“སྦྲག་སྲིད་ཐད་ཚོང་ལ་གཟིགས་པར་ཕེབས་དང་། གོང་ཁེ་པོ་ཡིན”དང་། “དབྱི་ཁྲུན་ཚོགས་པ་གླེང་བ” “ཁུ་བྱུག་གསུང་ལ་ཉན” “བཟང་བཟང་ཚགས་ཤ་སྐམ་པོ”སོགས་ལྗོངས་ཕྱི་ནང་གི་སྙན་སྒྲོན་པ་གཙོ་བོ་གདན་དྲངས་ཏེ། ཐད་གཏོང་དང་བརྙན་ཐུང་སོགས་ཀྱི་རྣམ་པ་བརྒྱུད་ངམ་རིང་གི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་ཁྱབ་སྤེལ་བཏང་བ་རེད།
བརྙན་ཤེལ་གྱི་མདུན་དུ། བོད་ཆས་སྤྲས་པའི་སྙན་སྒྲོན་པ་གཙོ་བོས“ངམ་རིང་རྫོང་བཟང་བཟང་གྲོང་རྡལ་ལ་རང་བྱུང་འབྲོག་ར་ཡོད། དཔྱིད་ཀར་ལོ་རེར་ཆ་སྙོམས་ཆར་པ་ཧའོ་སྨི་222.4འབབ་ཀྱི་ཡོད་པས་རྩྭ་ཆུ་གཉིས་འཛོམས་བྱུང་ནས། འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཐུབ་ཡོད”ཅེས་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་འདུག ཁོ་ཚོས་བཟང་བཟང་ཚགས་ཤའི་སྤུས་ཚད་དང་། ནས་བཟོས་ཐོན་རྫས་ཀྱི་ཞིམ་མངར། སྤོས་ཀྱི་དྲི་བཟང་སོགས་རེ་རེ་བཞིན་གཟིགས་མོ་བ་ཚོའི་མིག་ལམ་དུ་བཤམས་ནས། དྲ་གྲོགས་ཚོས་མངགས་ཉོ་བྱེད་པའི་ཡིད་དབང་བཀུག་ཡོད།
བོད་ལྗོངས་སྦྲག་སྲིད་ཀྱི་ཞིང་སྐྱོར་སྙན་སྒྲོན་པ་གཙོ་བོ་བཀྲ་ཤིས་རྣམ་རྒྱལ་གྱིས“ད་ཐེངས་འོས་སྦྱོར་བྱས་པའི་ཐོན་རྫས་གཙོ་བོ་ནི་བཟང་བཟང་ཚགས་ཤ་ཡིན། ང་ཚོས་བཟས་པ་ཡིན། ཚགས་ཤ་འདིའི་བྲོ་བ་ཡག་པོ་འདུག མིག་སྔར་ང་ཚོས‘སྦྲག་སྲིད་ཐད་གཏོང’ལས་སྟེགས་ཐོག་ཐད་གཏོང་བྱེད་ཀྱི་ཡོད། ཚང་མས་ཚགས་ཤ་འདིར་གདེང་འཇོག་མཐོ་པོ་བྱེད་ཀྱི་འདུག་ལ་ཉོ་མཁན་ཡང་མང་པོ་འདུག ང་ཚོས་ཞིང་སྐྱོར་ཐད་གཏོང་སོགས་ཀྱི་རྣམ་པ་གསར་པ་དང་བྱ་ཐབས་གསར་པ་བརྒྱུད་བཟང་བཟང་ཚགས་ཤ་རྒྱལ་ཡོངས་སུ་འཚོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
བྱེད་སྒོ་མཇུག་བསྒྲིལ་རྗེས། བོད་ལྗོངས་ཀྲུང་ཅིང་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས“ད་ཐེངས་ཀྱི་ཐད་གཏོང་བྱེད་སྒོ་བརྒྱུད། ང་ཚོའི་ཀུང་སིས་ཐོན་སྐྱེད་དང་བྲིན་ཚོང་བྱེད་པའི་བཟང་བཟང་ཚགས་ཤ་སྐམ་པོ་སྒོར་ཁྲི་18ལྷག་ཙམ་བཙོངས་ཐུབ་སོང”ཞེས་དགའ་སྤྲོ་ཆེན་པོས་བརྗོད།
ངམ་རིང་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ངམ་རིང་རྫོང་ལ་བཟང་བཟང་འབྲི་གཡག་དང་། བཟང་བཟང་ཕྱུར་བ། བཟང་བཟང་མར། བཟང་བཟང་ཚགས་ཤ་བཅས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་4ཡོད་པ་མ་ཟད། ད་དུང་ནས་བཟོས་ཐོན་རྫས་དང་སྤོས་སོགས་ས་མཐོའི་ཐུན་མིན་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་རྫས་མང་པོ་ཡང་ཡོད་པ་རེད། ད་ཐེངས་ཀྱི་དྲ་ཚོང་ཐད་གཏོང་ཞིང་སྐྱོར་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དྲ་ཚོང་ལས་སྟེགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ། ངམ་རིང་གི་ཁྱད་ལྡན་ཞིང་ཟོག་དག་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བཏོན་ནས། ཞིང་འབྲོག་པར་ཁེ་སྤོགས་གྱ་ནོམ་པ་རག་ཆེད་ཡིན་པ་རེད།
གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཐད་གཏོང་ཞིང་སྐྱོར་བྱེད་སྒོ་སྤེལ་བ་བརྒྱུད། དྲ་ཚོང་ཐད་གཏོང་ཤེས་ལྡན་པ་སྔོག་འདོན་དང་གསོ་སྐྱོང་དང་། སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། སྦྲག་སྲིད་ཀྱིས་ནུས་པ་སྦྱིན་པ། དྲ་ཚོང་གིས་རམ་འདེགས་བྱེད་པ། ཞིང་དུད་ཞུགས་པ་བཅས་ཀྱི་རྒྱུན་མཐུད་ཆོག་པའི་ཞིང་སྐྱོར་བྱ་ཐབས་འཚོལ་ཞིབ་བྱས་ནས་གཏོད་པ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ནས། ཞིང་འབྲོག་པར་འབབ་འཕར་ཡོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།