ཤ་ཚལ་སྒོང་གསུམ་འབེལ་ལྷུག་ལྷུག དམངས་ཀྱི་འཚོ་བ་སྐྱིད་ལྷང་ལྷང་།
མལ་གྲོ་གུང་དཀར་རྫོང་གིས་ས་མཐོའི་ཞིང་ལས་དེང་རབས་ཅན་གྱི“གནས་རྟགས་གསར་པ”བཏོད་པ།
འདི་ནི་ལག་རྩལ་པས་ལས་དོན་མི་སྣར་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ།
འདི་ནི་ལས་དོན་པས་ཀྭ་རིགས་འཐུ་བཞིན་པ།
འདི་ནི་སྨིན་བཞིན་པའི་ཧོང་ཀྭ་ཡིན་པ།
ཁྱོན་མ་དངུལ་སྒོར་ཁྲི་6000བཏང་ཞིང་། རིག་ནུས་དྲོད་ཁང་61དང་། ཁྱིམ་གྱི་སྒོ་རྩར་ལས་ཞུགས་ལས་གནས་21ཟིན་པ་ལ་སོགས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་གླིང་གི་གྲངས་གཞི་རེ་རེ་ལས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཡོད། ཀྭ་རིགས་དང་ཀྲོ་མ་ཀྲུ་སོགས་སྔོ་ཚལ་དང་ཤིང་ཏོག་ཁག་དང་པོ་ཁྲོམ་རར་བཏོན་པ་དང་སྦྲགས་ཚན་རྩལ་འདེབས་འཛུགས་དང་ཐོན་ལས་དམངས་ཕྱུག་གཞི་གཅིག་ཏུ་འདུས་པའི་ཞིང་ལས་གླིང་འདིས་མང་ཚོགས་ལ“བདེ་སྐྱིད་ངོ་མ”བསྐྲུན་ཡོད་ལ། དེ་བས་ཀྱང་ས་མཐོའི་ཞིང་ལས་དེང་རབས་ཅན་ཕྱོགས་སྒྱུར་གྱི་གསོན་ཉམས་དོད་པའི་མ་དཔེ་ཞིག་ལ་གྱུར་ཡོད།
(གསར་འགོད་པ་ཝང་ཅིན། པར་རིས་ཀུའོ་ཀྲེན་གྱིས་མཁོ་འདོན་བྱས)
ཉེ་ཆར། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་གླིང་གིས་ཐུན་མོང་མ་ཡིན་པའི་དུས་ཤིག་བསུས་པ་ནི་རིག་ནུས་དྲོད་ཁང་61ཏུ་འབྲས་བུ་ཐོག་མར་བསྡུ་འགོ་ཚུགས་པ་དེ་རེད། རྫོང་གྲོང་དང་བར་ཐག་སྤྱི་ལེ་3ལས་མེད་པའི་གླིང་འདིས་རྣམ་པ་གསར་རྐྱང་གི་ཐོག་ནས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལེགས་གྲུབ་བྱུང་བ་ལས་སྔོ་ཚལ་དང་ཤིང་ཏོག་ལ་ཐོན་ལེགས་བྱུང་བ་མ་ཟད། མཐའ་འཁོར་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་ཡག་པོ་21མཁོ་འདོན་ཡང་བྱུང་ཡོད། ལས་ཞུགས་ལས་གནས་དེ་དག་གི་གྲས་སུ་དྲོད་ཁང་ཆེ་མོའི་འདེབས་འཛུགས་དང་། སྔོ་ཚལ་དང་ཤིང་ཏོག་འཐུ་བ། རྒྱུན་གཏན་གཡོག་བྱེད་སོགས་ལྷུ་ཚིགས་མང་པོ་ཚུད་ཡོད་པས་རྩལ་ནུས་ཆུ་ཚད་མི་འདྲ་བའི་གྲོང་མིར་གདམ་ག་སྣ་ཚོགས་མཁོ་འདོན་བྱས་ཡོད། འདེབས་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཞིང་པ་རྒན་རབས་དང་ཡང་ན་གཞོན་ནུ་ངལ་རྩོལ་བ་གང་ཞིག་ཡིན་རུང་ཚང་མར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་གླིང་ནས་རང་ཉིད་ཀྱི་རྩལ་ནུས་འདོན་ས་ཞིག་རྙེད་ཡོད།
མལ་གྲོ་གུང་དཀར་རྫོང་ས་གཙང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྐལ་བཟང་ཚེ་རིང་གིས“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་6000བཏང་ཡོད་ལ། གསར་དུ་བསྐྲུན་པའི་རིག་ནུས་དྲོད་ཁང་61ལ་སྔོན་ཐོན་གྱི་ལག་རྩལ་དང་གཡོག་བྱེད་བྱེད་སྟངས་སྤྱད་པ་བརྒྱུད། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོའང་མངོན་ཡོད། རྣམ་གྲངས་དེས་ལག་རྩལ་པ་10བཀོད་སྒྲིག་བྱས་ཏེ་རིགས་ཕྱེ་ནས་ཆེད་ལས་མཛུབ་ཁྲིད་བྱས་ཤིང་། འདེབས་འཛུགས་ཀྱི་ས་བོན་གདམ་ག་དང་འདེབས་གསོའི་ལག་རྩལ་བཀོལ་སྤྱོད་བྱེད་པ་ནས་ནད་དང་གནོད་འབུ་འགོག་བཅོས་བར་ཆེད་ལས་ཚོགས་པས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཚོད་འཛིན་ནན་པོ་བྱས་ནས། “ཤ་ཚལ་སྒོང་གསུམ”འདུ་འགོད་གཞི་ཁྱོན་ཅན་དང་། རྨང་གཞི་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
དོ་དམ་བྱེད་སྟངས་ཐད་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་གླིང་དུ་དེང་རབས་ཅན་གྱི་ཞིང་ལས་དོ་དམ་བྱེད་སྟངས་གསར་པ་ནང་འདྲེན་བྱས་པ་མ་ཟད། འཐུས་སྒོ་ཚང་བའི་ཐོན་སྐྱེད་དོ་དམ་དང་། སྤུས་ཚད་དོ་དམ། ཕྱིར་ཚོང་དོ་དམ་བཅས་ཀྱི་མ་ལག་ཀྱང་བཙུགས་ཡོད། སྔོན་ཐོན་ལག་རྩལ་དང་དོ་དམ་བྱེད་སྟངས་དེ་དག་སྤྱད་དེ་མལ་གྲོ་གུང་དཀར་རྫོང་གི་གཞི་རྩའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། དེ་བས་གལ་ཆེ་བ་ཞིག་ནི་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་གླིང་འཕེལ་རྒྱས་བཏང་བ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་། ཤེས་ལྡན་པ་ཕ་ཡུལ་ལ་ལོག་པ། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ། གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་ཐེབས་པ་བཅས་བྱུང་སྟེ་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་སྡུག ཞིང་པ་ཕྱུག་འགྱུར་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ་ནས་མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོས་ཡོད།