དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “ཧྲེན་དབྱང་གི་ཉམས་མྱོང”སློབ་སྦྱོང་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    ངའི་བསམ་པར། ཨ་མདོ་རྫོང་ལ་དེང་རབས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་ལག་རྩལ་དང་མ་དངུལ་མི་འདང་བ་དེ་གནད་དོན་ཆེ་ཤོས་རེད་མི་འདུག གལ་སྲིད་འཕེལ་རྒྱས་གཏོང་དགོས་ན། དང་ཐོག་འབྲི་གཡག་གསོད་མ་ཕོད་པ་དང་འཚོང་མ་ཕོད་པ་སོགས་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་བསམ་བློར་འགྱུར་ལྡོག་གཏོང་དགོས། འབྲི་གཡག་གི་ཐོན་འབབ་མང་དུ་དང་སྤུས་ཚད་མཐོ་རུ་ཕྱིན་ན་གཞི་ནས་འབྲི་གཡག་དེ་ཉིད་ཐོན་ལས་ཤིག་ཏུ་བརྩིས་ནས་འཕེལ་རྒྱས་གཏོང་ཐུབ་ཅེས་ལྟ་སྐོར་སློབ་སྦྱོང་བྱེད་རིང་སློབ་སྦྱོང་རྟོག་ཞིབ་ཚོགས་པའི་ལྷག་རྣམ་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།

    ལེའོ་ཀྲུང་ཆུས་ཧྲེན་དབྱང་ཧུང་དབྱང་གསོ་སྤེལ་ར་བར་སློབ་སྦྱོང་རྟོག་ཞིབ་ཚོགས་པས་དེང་རབས་གསོ་སྤེལ་ལས་རིགས་ཀྱི“ཧྲེན་དབྱང་གི་ཇུས་གཞིར”བདེན་དཔང་བྱས་ཡོད། ལེགས་བསྡུས་ཅན་དང་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱ་ཐབས་སྤྱད་པས་འབྲི་གཡག་གཅིག་ལ་ཆ་སྙོམས་ཟླ་རེར་ཤ་རྒྱ་མ་120ཙམ་རྒྱས་པ་དང་། ཟླ་བ་10ཡི་རིང་གསོ་སྤེལ་བྱས་ནས་རྒྱ་མ་1500ནས་1600བར་ཟིན་ཚེ་བཤས་གཏོང་གི་ཡོད། ཨ་མདོའི་སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་གཞིར་བཟུང་བྱས་ན་ལོ་རེར་ཆ་སྙོམས་ཤ་ཤེད་རྒྱས་ཚད་རྒྱ་མ་80ཡང་ཟིན་གྱི་མེད་པ་དང་། ལོ་8ནས་10བར་གསོས་ཚེ་གཞི་ནས་བཤས་གཏོང་ཆོག་པ་དེ་གཉིས་ཕན་ཚུན་ཁྱད་པར་མངོན་གསལ་དོད་པོ་ཆགས་ཡོད་སྟབས་ལས་བྱེད་པ་ཚོར་བསམ་བློ་གཏིང་ཟབ་པོ་ཞིག་གཏོང་དགོས་བྱུང་ཡོད།

    ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐུན་རྐྱེན་སྐྲུན་ཆེད། ཉེ་དུས་ཨ་མདོ་རྫོང་གི་གཞི་རིམ་ལས་བྱེད་པ་20ལས་གྲུབ་པའི་སློབ་སྦྱོང་རྟོག་ཞིབ་ཚོགས་པས་ཧྲེན་དབྱང་དུ་བསྐྱོད་དེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཕྱུགས་རིགས་བཤས་གཏོང་རིམས་བཤེར་ལག་རྩལ་སློབ་སྦྱོང་གི་རྟོག་ཞིབ་བྱེད་སྒོ་སྤེལ་ཡོད།

    སུའུ་ཅ་ཐུན་ཆུས་སུ་ཧྲེན་དབྱང་ཧའོ་མིང་འདབ་ཆགས་ལས་རིགས་ཚད་ཡོད་ཀུང་སིར་ཀུང་སིའི་ཙུང་ཚའེ་གཞོན་པ་ལི་ཡན་གྱིས“སྟབས་བདེའི་ལས་ཀ་ཞིབ་ཚགས་ཅན་དུ་སྒྱུར་དགོས”ཞེས་བཤད། ཁེ་ལས་དེས་བྱ་དེ་གསོད་པ་དང་ལས་སྣོན་བྱེད་པ་ཁོ་ནར་ལས་རིམ་100ལྷག་ཙམ་ཡོད་ཅིང་། ཞིབ་ཅིང་ཕྲ་བའི་ངང་དབྱེ་འབྱེད་ཁག་བགོས་བྱས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་བཏང་བ་བརྒྱུད་ཕན་འབྲས་ཆེ་ཤོས་ཐོན་གྱི་ཡོད།

    ཨ་མདོ་རྫོང་ཞིང་ལས་ཚན་རྩལ་ས་ཚིགས་ཀྱི་ཀྲན་ཀྲང་དོན་གྲུབ་བཀྲ་ཤིས་ཀྱིས། ཕྱིར་ལོག་རྗེས་ཕྱུགས་རིགས་བཤས་གཏོང་ལག་ཁྱེར་མགྱོགས་པོ་བཟོས་ཏེ། ཨ་མདོའི་ལུག་བཤས་གཏོང་བ་དང་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། “སྟོད་མའི་གཡང་དཀར”ཐོན་ལས་འཁོར་འབྲེལ་ཇེ་རིང་དུ་བཏང་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་བཤད། ཨ་མདོ་རྫོང་བྱང་མ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ནོར་བུ་ཚེ་རིང་གིས་ལིའོ་ཀྲུང་ཆུས་ཚི་ཡུས་ཐུའོ་ཁྲོམ་གཞུང་པིན་ཝུའེ་གྲོང་ཚོ་རྒྱབ་མར་རྟོག་ཞིབ་བྱེད་སྐབས་གྲོང་ཚོ་དེའི་གྲོང་ཚོའི་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཁྱད་ལྡན་ཐོན་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དེ་ལས། གྲོང་ཚོའི་ཏང་ཀྲི་པུའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་སོང་སྟེ། འབྲོག་ཁུལ་གྱི་ཐོན་ཁུངས་དང་ཐོན་ལས་ཁ་ཐོར་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་བསམ་ཕྱོགས་གསར་པ་མཁོ་འདོན་ཐུབ་པ”ཤེས་རྟོགས་བྱུང་བ་རེད། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག གྲོང་ཚོ་དེ་ཉིད་ལོ་གསུམ་གོང་བུ་ལོན་སྒོར་ཁྲི་80ལྷག་ཙམ་ཟུག་པ་ནས་ད་ཆ་གྲོང་ཚོའི་མཉམ་སྡེབ་ཀྱི་གཏན་འཇགས་མ་རྩ་སྒོར་ཁྲི་528.9ཟིན་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་འཕེལ་རྒྱས་བྱུང་བ་ལས་ཨ་མདོའི་ལས་བྱེད་པར་བློ་སྒོ་གཏིང་ཟབ་འབྱེད་ཐུབ་པ་བྱུང་ཡོད།

    ད་ཐེངས་རྟོག་ཞིབ་སློབ་སྦྱོང་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པ་ནི་ཧྲེན་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་མཛུབ་ཁྲིད་ཞིབ་ཚགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་རེད། བོད་སྐྱོར་རུ་ཁག་གི་སྤྱི་འདོམས་མཐུན་སྦྱོར་འོག ཧྲེན་དབྱང་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭ་དང་ཧྲེན་དབྱང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རོགས་རམ་གང་ཐུབ་བྱས་ཤིང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་གསོ་སྦྱོང་སློབ་ཚན་ཇུས་འགོད་བྱས་པ་དང་། རྟོག་ཞིབ་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་པ། སློབ་སྦྱོང་རྟོག་ཞིབ་ཚོགས་པ་ལེའོ་ཀྲུང་ཆུས་དང་། སུའུ་ཅ་ཐུན་ཆུས། ཧྲེན་པེ་ཁུལ་གསར། ཧྥ་ཁུའུ་རྫོང་བཅས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཆེ་བའི་རྫོང་སྟོབས་ཆེན་4ལ་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་བཀོད་སྒྲིག་བྱས་པ། འབྲེལ་ཡོད་ཕྱུགས་རིགས་གསོ་སྤེལ་དང་། བཤས་གཏོང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཁེ་ལས(ཚན་པ)དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཚོ་སོགས་གནས་11དུ་བསྐྱོད་ནས་སློབ་སྦྱོང་གཏིང་ཟབ་བྱས་ཡོད།

    ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀེ་ཁྲའོ་ཡིས“ད་ཐེངས་ཀྱི་སློབ་སྦྱོང་ནི་སྟབས་བདེ་པོས་ཉམས་མྱོང་གསོག་རྒྱུ་དེ་མིན་པར། དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ཨ་མདོ་འཕེལ་རྒྱས་ཀྱི་དོན་དངོས་དང་མཉམ་འདྲེས་གང་ལེགས་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཉམས་མྱོང་ཡག་པོ་གསོག་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། ཨ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།