དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ལག་རྩལ་ལ་བརྟེན་ནས་ཡོང་འབབ་དེ་བས་མང་བ་གསོག་ཐུབ་པ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    འདི་ནི་ཚེ་དངོས་ཀྱིས་སྣམ་བུ་བྲེག་བཞིན་པ།

    ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་ལྟག་གཟར་ཁ་གྲོང་ཚོའི་ཆ་སྙོམས་ས་བབ་སྨི་4000ཟིན་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་80.5ཡོད་པས་ཅུང་ཐག་རིང་སར་ཆགས་ཡོད། དེ་སྔ་དེ་གའི་ཞིང་འབྲོག་པ་མི་རབས་ནས་མི་རབས་ཚོས་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཕྱུགས་ཟོག་འཚོས་ནས་གནམ་ཆུ་སྒུག་པའི་འཚོ་བ་རོལ་བཞིན་ཡོད་པས་འཚོ་བའི་ཆ་རྐྱེན་ཅུང་ཞན་པ་མ་ཟད། འཚོ་བའི་སྤུས་ཀ་ནི་དེ་བས་ཀྱང་གླེང་ཐབས་བྲལ་བ་ཞིག་ཡོད།

    སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་དང་བསྟུན་ནས། ལྟག་གཟར་ཁ་གྲོང་ཚོའི་མང་ཚོགས་ཀྱི་བསམ་བློར་ཡང་རིམ་བཞིན་འགྱུར་ལྡོག་བྱུང་བའི་གྲས་ཀྱི“ལག་རྩལ་སྣ་གཅིག་ཤེས་ན་ལྟོ་གོས་ལ་སེམས་ཁྲལ་མེད”ཅེས་པའི་འདུ་ཤེས་དེ་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་ཡོད། ལྟག་གཟར་ཁ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཚེ་དངོས་ཀྱི་མྱོང་བ་ལས་ལག་རྩལ་ཁོང་དུ་ཆུད་ན་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ཐུབ་པ་གསོན་ཉམས་དོད་པོས་མངོན་ཡོད།

    ཚེ་དངོས་ནི་ད་ལོ་ལོ་57ལ་སླེབས་ཤིང་། ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་ཆེད། ལོ་18ནས་བཟུང་ས་ཕྱོགས་མང་པོར་ཕྱིན་ནས་དགེ་རྒན་བསྟེན་ཏེ་ལག་རྩལ་སྦྱངས་པ་མ་ཟད། ཉིན་མཚན་དབྱེར་མེད་དུ་ལག་འཚེམ་སྦྱངས་པས་ལག་རྩལ་ཡག་ཏུ་སོང་ཡོད། “མཛུབ་མོར་རྨ་བཟོས་ནའང་ཁྲག་འཕྱིས་ཙམ་བྱས་རྗེས་མུ་མཐུད་འཚེམ་གྱི་ཡོད”ཅེས་ཁོང་གིས་འཚེམ་བཟོའི་ལག་རྩལ་སྦྱོང་སྐབས་ཀྱི་མྱོང་བ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བརྗོད། དེའི་རིང་ཁོང་གིས་ད་དུང་ཤིང་བཟོ་དང་ལྕགས་བཟོའི་ལག་རྩལ་ཡང་སྦྱངས་ཡོད།

    “འཚེམ་བཟོའི་ལག་རྩལ་སྔར་བས་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ངས་རས་རྙིང་པས་ཁྱིམ་མིར་ལུས་ལ་རན་པའི་ཕྱུ་པ་བཟོས་པ་ཡིན། རིམ་བཞིན་ཁྱིམ་མཚེས་རྣམས་ཀྱང་ངའི་སར་ཡོང་ནས་ཕྱུ་པ་མངགས་ཀྱི་འདུག་ལ་དུས་དེ་ནས་བཟུང་ངས་ཀྱང་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་བྱུང”ཞེས་བཤད།

    2017ལོར་ཚེ་དངོས་འབྲོག་པ་དཀྱུས་མ་ཞིག་ནས་ཏང་ཡོན་ལ་གྱུར་ཞིང་། ཁོང་གིས“ངས་སྔར་བཞིན་དམངས་ལ་ཕན་འདོགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།

    རྩལ་ནུས་གཞན་སྒྱུར་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་མངོན་ཐུབ་སྟབས་ཚེ་དངོས་ཀྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད། ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་ནང་ཁོང་གིས་རང་ཉིད་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་བཟོས་པའི་ལག་འཚེམ་ཐོན་རྫས་ཁྱེར་ནས་འགྲན་བསྡུར་ལ་ཞུགས་ཏེ། བདམས་ཐོན་པ་མང་པོའི་ཁྲོད་ཁྱད་འཕགས་ཀྱི་ཁྱད་ཆོས་མངོན་ནས་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད། གཟི་བརྗིད་དེ་ནི་ཁོང་མི་སྒེར་གྱི་ལག་རྩལ་ལ་ཁས་ལེན་ཐོབ་པ་ཞིག་ཡིན་པ་མ་ཟད། ཐ་ན་ཤང་ཡོངས་དང་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་དུ་སྐད་གྲགས་ཕྲན་བུ་ཡང་ཆོད་ཡོད། དེ་གར་ཡིད་སྨོན་སྐྱེས་ནས་ཡོང་མཁན་མང་པོས་ཁོང་གི་ལག་འཚེམ་ཐོན་རྫས་འཚང་ཁ་ཤིག་ཤིག་གིས་ཉོས་པ་དང་། སྐུ་མགྲོན་དེ་བས་མང་པོས་དྲ་ཐོག་ནས་ལག་འཚེམ་ཐོན་རྫས་མངག་ཉོ་བྱེད་ཅིང་། དེ་ལྟར་ཚེ་དངོས་ཀྱི་འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་ཏང་ཡོན་ཡིན་པའི་ཚེ་དངོས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་འབད་བརྩོན་བྱས་པ་དང་མཉམ་དུ་ས་གནས་དེ་གའི་གྲོང་མི་ཚོར་ལག་རྩལ་ཡང་ཁྲིད་ཀྱི་ཡོད།

    “ད་ལྟ་ང་ལ་དགེ་ཕྲུག་ལྔ་ཡོད། ངས་རང་ཉིད་ཀྱི་མི་ཚེ་གང་གི་ལག་རྩལ་ཚང་མ་ཁོང་ཚོར་བསླབ་ཀྱི་ཡིན། ཁོང་ཚོས་འཚེམ་བཟོའི་གཞི་རྩའི་ལག་རྩལ་རྦད་དེ་ཤེས་ཀྱི་ཡོད་པ་མ་ཟད། གྲོང་ཚོའི་མང་ཚོགས་ཚོར་རིན་མེད་ངང་འཚེམ་བཟོའི་ཞབས་འདེགས་ཀྱང་ཞུ་ཡི་ཡོད། ཤིང་བཟོ་དང་ལྕགས་བཟོའི་ལག་རྩལ་ལས་ལོ་གཅིག་ལ་ཁོང་ཚོའི་ཁྱིམ་ཚང་གི་འབབ་འཕར་སྒོར་5000ཙམ་ཟིན་གྱི་ཡོད། དངུལ་མང་པོ་མེད་ཀྱང་གལ་ཆེ་བ་ཞིག་ནི་ཁོང་ཚོའི་དེ་སྔའི་སྒྱིད་ལུག་གི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ་དེ་རེད། ཁོང་ཚོས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པོ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚེ་དངོས་ཀྱིས་བཤད།

    གྲོང་གསེབ་དར་རྒྱས་ཀྱི་བགྲོད་ལམ་ཐོག་ཚེ་དངོས་ཀྱི་གཏམ་རྒྱུད་ནི་བསྡུས་རིས་ཙམ་ཡིན་ཞིང་། ཁོང་ལྟ་བུའི་འབད་འཐབ་པ་ད་དུང་མང་པོ་ཡོད་ལ། ཁོང་ཚོས་རང་སོ་སོའི་ཁྱབ་ཁོངས་སུ་འབད་འབུངས་ཡར་བརྩོན་གྱིས་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་དང་གསོན་ཤུགས་སྣོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།