ཉིང་ཁྲིས་གྲོང་ཁྱེར་ཡོངས་ཀྱི་གསར་བརྗེའི་ཐོན་ཁུངས་ལ་ཆེད་དོན་བརྟག་ཞིབ་ཀྱི་ལས་འགན་བསྒྲུབས་པ།
གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉེ་ཆར། ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ལས་གྲུབ་པའི་གསར་བརྗེའི་བརྟག་ཞིབ་ཚོགས་ཆུང་གིས་གྲོང་ཁྱེར་ཡོངས་ཀྱི་གསར་བརྗེའི་ཐོན་ཁུངས་ལ་ཆེད་དོན་བརྟག་ཞིབ་ཀྱི་ལས་འགན་བསྒྲུབས་པ་རེད།
ཡིག་ཚགས་ཁང་གི་སེར་པོར་གྱུར་བའི་ཚད་ལྡན་ཡིག་ཆ་ནས་སྔོན་གཤེགས་དཔའ་བོའི་བང་སོའི་བརྗིད་ཉམས་ལྡན་པའི་རྡོ་རིང་བར་དང་། དམག་དཔོན་ཐོག་ཁང་གི་སོ་ཕག་དང་རྫ་གཡམ་ནས་གནས་ཚུལ་ཤེས་མཁན་གྱིས་བརྩེ་སེམས་ཟབ་མོས་གནས་ཚུལ་བརྗོད་པའི་བར་བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་ཙག་སྒྲ་བཟོ་གྲྭའི་གནས་ཡུལ་རྙིང་པ་སོགས་གསར་བརྗེའི་རྗེས་ཤུལ་ཁག་28དང་། ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོའི་འགྲེམས་སྟོན་དང་སྒྲིག་གཤོམ་སོགས་གསར་བརྗེའི་འགྲེམས་ཁང་ཁག་31 ཏེང་པ་བའི་གྲོང་གསར་གྱི་དྲིན་ཚོར་ཐང་ཆེན་སོགས་གསར་བརྗེའི་མི་ཆོས་རིག་གནས་མཛེས་ལྗོངས་ཁག་12(བརྗོད་དོན་གཙོ་བོའི་སྤྱི་གླིང) སྔོན་གཤེགས་དཔའ་བོའི་བང་སོ་11 སྔོན་གཤེགས་དཔའ་བོའི་ཁ་ཐོར་དུ་གནས་པའི་དུར་ས་4སོགས་དང་། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་རིག་དངོས་ཅུས་སོགས་ཚན་པ་40ལྷག་ཙམ་དུ་བསྐྱོད་དེ། ཚད་ལྡན་ཡིག་ཆ་དང་ཡིག་ཚགས་སྔོག་འདོན་དང་། རྗེས་ཤུལ་རྩད་ཞིབ། ངག་ཐོག་དཔྱད་གཞི་འཚོལ་བསྡུ། གསར་བརྗེའི་འགྲེམས་སྟོན་དང་སྒྲིག་གཤོམ་ལ་རྟོག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད། ཉིང་ཁྲིའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཕྱོགས་ཡོངས་དང་ཆ་ཚང་བའི་ངང་གསེད་བཀྲོལ་བྱས་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བརྟག་ཞིབ་ནང་གསར་བརྗེའི་ཐོན་ཁུངས་ཁག་40ལྷག་ཙམ་གྱི་ལོ་རྒྱུས་དཔྱད་གཞི་དང་། སྔོན་གཤེགས་དཔའ་བོ་1200ལྷག་ཙམ་གྱི་ཆ་འཕྲིན་དང་བྱས་རྗེས་དང་། ཡིག་འབྲུ་ཁྲི་2200ལྷག་ཙམ་ཟིན་པའི་ཚད་ལྡན་ཡིག་ཆ་དང་ཡིག་ཚགས་རྩ་ཆེན་བསྡུ་རུབ་ལེགས་སྒྲིག་དང་། གསར་བརྗེའི་དངོས་རྫས་ཁག་2200ལྷག་ཙམ་ཐོ་འགོད་ཞིབ་ཕྲ་བྱས་པ་རེད།