འཇའ་ཚོན་སྣ་བདུན་པང་གདན་འཐག བདེ་སྐྱིད་འཚོ་བའི་ལམ་བུ་ཡངས།
གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་སྐལ་བཟང་པང་གདན་ཞིང་པའི་མཉམ་ལས་ཁང་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།
འདི་ནི་བསྟན་འཛིན་སྒྲོལ་དཀར(གཡོན)དང་ཨ་མ་དཀར་རིལ་གྱིས་ཐོན་རྫས་སྟོན་བཞིན་པ།
གོང་དཀར་རྫོང་ལྕེ་བདེ་ཞོལ་སྐལ་བཟང་པང་གདན་ཞིང་པའི་མཉམ་ལས་ཁང་གི་ལས་མིས་པང་གདན་འཐག་བཞིན་པ།
གོང་དཀར་རྫོང་ལྕེ་བདེ་ཞོལ་སྐལ་བཟང་པང་གདན་ཞིང་པའི་མཉམ་ལས་ཁང་གི་ལས་མིས་པང་གདན་འཐག་བཞིན་པ།
ཞོགས་པའི་ཉི་ཟེར་ས་གཞི་འཛིན་མའི་པང་དུ་འཕྲོས་པ་དང་བསྟུན་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་སྐལ་བཟང་པང་གདན་ཞིང་པའི་མཉམ་ལས་ཁང་དུ་འཁྲུག་ཆ་དོད་དུ་སོང་། བོད་ཆས་སྤྲས་པའི་བུད་མེད་འགའ་ཞིག་རྩྭ་ཕུང་ལ་བསྙེས་ནས་བསྡད་དེ་ཇ་འཐུང་གིན་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། ཉི་འོད་འོག་ཏུ་པང་གདན་དེ་དག་ཚོན་དོག་རྣམ་པར་བཀྲ་ཞིང་སྤྲོ་སྣང་གི་དགོད་སྒྲ་དང་སྦྲགས་འཐག་ཁང་ནས་འཐག་ཁྲིའི་སྒྲ་གྲགས། བུད་མེད་ཚོས་འཐག་ལས་ལ་ཞུགས་ཏེ་ལག་པ་གཉིས་ཀྱིས་རྒྱུ་སྤུན་གསེང་དུ་སྒྲོམ་བུ་ཕར་གཏོང་ཚུར་གཏོང་གིས་འཇའ་ཚོན་སྣ་བདུན་གྱི་པང་གདན་འཐག་འགོ་ཚུགས།
བྲེལ་བརྩོན་ཆེ་བའི་རྣམ་པ་འདི་ནི་མཉམ་ལས་ཁང་གི་རྒྱུན་གཏན་ལས་ཀ་ཞིག་ཡིན་ལ། གྲོང་གསེབ་ཕྱུག་འགྱུར་ལམ་དུ་སྐྱོད་པའི་མཚོན་ཚུལ་ངོ་མ་ཞིག་ཀྱང་རེད།
པང་གདན་ལས་བཀྲག་མདངས་འཚེར།
“ཨ་ཅག་ཚོ། སླེབས་མ་ཐག་པའི་བལ་དེ་དག་སྐམ་འདུག”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་སྐད་གསང་པོས་དེ་ལྟར་བརྗོད། ཁོ་མོའི་ཨ་མ་དཀར་རིལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པང་གདན་འཐག་པའི་ལག་ཤེས་ཀྱི་རྒྱུན་འཛིན་པ་མི་རབས་བཞི་པ་རེད།
དཀར་རིལ་གྱི་ཁྱོ་ག་སྐལ་བཟང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པང་འདན་འཐག་པའི་ལག་ཤེས་ཀྱི་རྒྱུན་འཛིན་པ་མི་རབས་གསུམ་པ་ཡིན་ཞིང་། ཁོང་མ་གྲོངས་གོང“པང་གདན་ནི་གྱང་ལྡེབས་སུ་མཛེས་རྒྱན་ལ་འགེལ་རྒྱུ་ཁོ་ན་མིན་པར་ལུས་ཀྱི་རྒྱན་ཆར་བྱེད་དགོས་ལ་ཁྲོམ་རར་ཡང་དེ་བས་འདོན་ཐབས་བྱེད་དགོས”ཞེས་བརྗོད་མྱོང་།
ལྕེ་བདེ་ཞོལ་སྐལ་བཟང་པང་གདན་ཞིང་པའི་ཆེད་ལས་མཉམ་ཁང་གི་འཐག་ཁང་དུ་སྐྱོད་སྐབས། འཐག་ཁྲིའི་སྒྲ་གཅིག་འཇགས་གཅིག་ལངས་གིས་གྲགས་ཤིང་། ལོ་60ལ་སླེབས་པའི་དཀར་རིལ་གྱིས་བུ་མོ་བསྟན་འཛིན་སྒྲོལ་དཀར་དང་བལ་སྐུད་ལ་ཚོས་གཏོང་སྟངས་སྐོར་ལ་གྲོས་བསྡུར་བྱེད་བཞིན“སྟར་ལྤགས་བཙོས་པའི་ཁམ་མདོག་ནི་ཚོས་གཞི་ལོག་སླ་པོ་མེད་པ་དང་། ལོ་མ་སོས་པས་བརྒྱབ་པའི་ལྗང་མདོག་ནི་བཀྲག་ཆེ་ཤོས་རེད”ཅེས་བཤད། དཀར་རིལ་གྱི་ངོས་ནས་བརྗོད་ན། མཉམ་ལས་ཁང་ནི་ཁོ་མོའི་བྱ་གཞག་ཡོད་དོ་ཅོག་རེད།
2011ལོར་སྐལ་བཟང་གྲོངས་རྗེས་ལོ་13ནས་ཨ་མ་དང་མཉམ་དུ་ལག་ཤེས་སྦྱངས་པའི་བསྟན་འཛིན་སྒྲོལ་དཀར་གྱིས་མཉམ་ལས་ཁང་གི་འགན་འཁུར་བ་དང་། མཉམ་ལས་ཁང་ནི་ཁོ་མོའི་བྱིས་དུས་ཀྱི་བག་ཆགས་དང་ཕ་མ་གཉིས་པོས་སེམས་ནུས་བཏོན་པའི་བྱ་གཞག་ཡིན་ལ་ཁོ་མོ་རང་ཉིད་ཀྱི་ལག་ཤེས་ངོམ་སའི་གར་སྟེགས་ཤིག་དེ་བས་ཀྱང་རེད།
“སྲོལ་རྒྱུན་གྱི་ལག་ཤེས་སོར་དུ་བཞག་པའི་རྨང་གཞིའི་ཐོག་གསར་གཏོད་ཇི་ལྟར་བྱེད་དགོས་མིན་ནི་ངས་མཉམ་ལས་ཁང་གི་འགན་འཁུར་རྗེས་བསམ་བློ་གཏོང་མང་ཤོས་ཤིག་ཡིན”ཞེས་བསྟན་འཛིན་སྒྲོལ་དཀར་གྱིས་གསར་འགོད་པར་བཤད། 2011ལོར། མཉམ་ལས་ཁང་གི་ལོའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་10ཡང་མ་ཟིན་པས། ལག་ཤེས་ལ་བརྟེན་ནས་ཡོང་འབབ་ཇི་ལྟར་གསོག་དགོས་པ་ནི་ལག་ཤེས་པ་མི་རེ་ངོ་རེས་སེམས་ཁྲལ་བྱེད་པའི་གནད་དོན་དུ་གྱུར། བསྟན་འཛིན་སྒྲོལ་དཀར་གྱིས་ཁྲོམ་རའི་འགྱུར་ལྡོག་ཤེས་ཚོར་སྐྱེན་པོས་བཟུང་སྟེ་གསར་གཏོད་ཀྱི་ལམ་བུ་འཚོལ་ཞིབ་བྱེད་འགོ་བཙུགས།
དུས་བསྟུན་མདུན་སྐྱོད་ཀྱི་གསར་གཏོད་དང་འཚོལ་ཞིབ།
གཞོན་ནུ་རྣམས་པང་གདན་གྱི་ཚོན་མདོག་ལ་ཧ་ཅང་དགའ་པོ་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་པང་གདན་འདོགས་མཁན་ཧ་ཅང་ཉུང་ཉུང་ཡིན་པས་བསྟན་འཛིན་སྒྲོལ་དཀར་གྱིས“རིག་གནས་དང་ཇུས་འགོད་ཟུང་དུ་འབྲེལ་བའི”མཉམ་འདྲེས་ཚོད་ལྟ་བྱེད་འགོ་བརྩམས། ཁོང་གིས་པང་གདན་གྱི་འཇའ་ཚོན་ཐིག་རིས་དེ་སྔས་མགོ་དང་ལག་ཐོགས་ཁ་པར་གྱི་ཕྱི་ཤུབས་བཟོ་བར་སྤྱད་དེ། སྲོལ་རྒྱུན་གྱི་རི་མོ་དེ་དེང་རབས་གྱོན་ཆས་ཀྱི་རྒྱན་སྤྲས་གཞི་རྒྱུར་བསྒྱུར།
“ལག་རྩལ་དང་རྒྱུ་ཆ་ཡག་པོ་ནི་རྨང་གཞི་དང་། གསར་གཏོད་ཀྱི་ཐོན་རྫས་ནི་ཁེ་གྲགས་ཐོབ་ཐབས་ཤིག་རེད། གོམ་པ་འདི་གཉིས་ལེགས་པར་སྤོས་ཐོག་སྐད་གྲགས་ཆོད་པར་བྱས་ཚེ་ང་ཚོའི་དཔལ་འབྱོར་གྱི་ཕན་འབྲས་གཞི་ནས་ཆེ་རུ་འགྲོ་སྲིད”མི་མང་པོ་ཞིག་གིས་པང་གདན་ལ་རྒྱུས་མངའ་ལོན་པར་བྱ་ཆེད། བསྟན་འཛིན་སྒྲོལ་དཀར་གྱིས་མཉམ་ལས་ཁང་གི་ཐོན་རྫས་ཁྱེར་ནས་བོད་ལྗོངས་འགྲེམས་ཚོགས་སོགས་ལས་སྟེགས་ཐོག་འགྲེམས་སྟོན་ཡང་ཡང་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་བསླས་འཐག་འགྲེམས་སྟོན་དང་རིག་གནས་གསལ་འགྲེལ་བརྒྱབ་སྟེ་འཛམ་གླིང་གིས“འཇའ་ཚོན་སྣ་བདུན”གྱི་གཏམ་རྒྱུད་ཤེས་རྟོགས་ཐུབ་པར་བྱས།
2018ལོར། ཁོང་གིས་ལྕེ་བདེ་ཞོལ་གྱི་པང་གདན་ཁྱེར་ནས་གོང་དཀར་རྫོང་གི“འཇའ་ཚོན་སྣ་བདུན་གྱི་པང་གདན”རིག་གནས་དུས་ཆེན་ཐོག་འགྲེམས་སྟོན་བྱས་པ་དང་། འགྲེམས་ཞུགས་པང་གདན་ཆེན་པོ་དེ“ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི”ནང་ཚུད་པས་མངགས་ཐོ་ཆར་པ་བབས་པ་ཇི་བཞིན་མང་དག་འབྱོར། ད་ཆ་མཉམ་ལས་ཁང་གི་ཐོན་རྫས་རི་པིན་དང་། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་10ལྷག་ཙམ་དུ་ཕྱིར་ཚོང་བྱས་པར་ལོ་རེར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་གྱི་ཡོད་པ་རེད།
རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད།
“ཨ་མ་ལགས་ཀྱིས་ཨ་ཕ་སྐལ་བཟང་མ་གྲོངས་སྐབས་སེམས་ཁུར་ཆེ་ཤོས་གནང་བ་ནི་པང་གདན་གྱི་ལག་ཤེས་་རྒྱུན་འཛིན་བྱེད་ཐུབ་མིན་དེ་རེད་ཅེས་ང་ལ་རྟག་ཏུ་གསུངས་ཀྱི་འདུག ད་ཆ་མཉམ་ལས་ཁང་ལ‘རྒྱུ་ཆ་དང་། ཐོན་སྐྱེད། ཁེ་བཟང་། རྒྱུན་འཛིན’བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད་མོད། འོན་ཀྱང་ངས་མུ་མཐུད་མཉམ་ལས་ཁང་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་བརྩོན་བྱེད་ཀྱི་ཡིན། “མཉམ་ལས་ཁང་དེར་ཕ་མས་སེམས་ནུས་ཡོད་རྒུ་བཏོན་ཡོད་པས་ངས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་འཆར་འགོད་བྱས་ཏེ་ཁོང་ཚོའི་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན”བསྟན་འཛིན་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་ད་ཆ“རྒྱུ་ཆ་དང་། ཐོན་སྐྱེད། ཁེ་བཟང་། རྒྱུན་འཛིན”བཅས་ཀྱི་འཁོར་རྒྱུག་བལྟས་ཚོད་དུ་ཆ་ཚང་པོ་ཞིག་ཡོད་རུང་། སྔར་བཞིན་གསར་གཏོད་ཀྱི་ཆ་འདང་གི་མེད་པའི་སྣང་བ་ཞིག་ཡོང་གི་ཡོད།
དེས་ན་ཁོ་མོས་རྒྱུན་འཛིན་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ། ཁྱབ་སྤེལ་ལ་བརྟེན་ནས་ཤུགས་རྐྱེན་ཆེ་རུ་གཏོང་བ། འཛད་སྤྱོད་ལ་བརྟེན་ནས་ཡོང་འབབ་གསོག་པ་བཅས་བྱས་ཏེ། མཐར་ཁེ་བཟང་ལ་བརྟེན་ནས་རྒྱུན་འཛིན་ལ་སྐྱོང་ལན་འཇལ་ཏེ“སྲུང་སྐྱོང་དང་། གསར་གཏོད། ཁྱབ་སྤེལ། འཛད་སྤྱོད། མུ་མཐུད་སྲུང་སྐྱོང”བཅས་ཀྱི་རྒྱུན་མཐུད་ཆོག་པའི་རྣམ་པ་ཞིག་ཆགས་པར་བྱས་ཚེ། ད་གཟོད་གཞི་ནས་པང་གདན་འཐག་རྩལ་དེ་དེང་གི་སྤྱི་ཚོགས་འདིར་མི་ཉམས་བརྟན་གནས་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། “ལག་རྩལ་རྒྱུན་འཛིན་བྱེད་པར་མི་དང་། མ་དངུལ། གསར་གཏོད། རིག་གནས། སྲིད་ཇུས་བཅས་ཚང་མ་མེད་དུ་མི་རུང་བ་ཡིན། ང་ཚོའི་མཉམ་ལས་ཁང་ཡུན་ནས་ཡུན་དུ་གནས་པ་དང་། པང་གདན་འཐག་རྩལ་རྒྱུན་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་བརྗོད།
ད་ཆ་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་དེ་ལས་བྱུང་བའི“འཇའ་རིས་ཤིག་ཤིག་གི་ལམ་བུ”དེས་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ཡུལ་མི་ཚོའི་སྣེ་ཁྲིད་ནས་རྒྱུན་འཛིན་དང་གསར་གཏོད་ཁྲོད་ཡངས་པའི་མདུན་ལམ་བཏོད་དང་གཏོད་མུས་རེད།