རིག་ནུས་ལ་བརྟེན་ནས་ཞིང་ས་གཤིན་པོར་འབྲས་བཟང་སྨིན་པར་བྱེད།
—— གཞིས་རྩེ་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་ཞིང་ལས་ལམ་བུ་འཚོལ་ཞིབ་བྱས་ནས་ཞིང་ལས་ལ་གྲངས་འཛིན་གྱི་གཤོག་ཟུང་བསྒར་བ།
2024ལོར་གྲོང་གསེབ་དར་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་སྐུལ་འདེད་འོག གཞིས་རྩེ་གྲོང་ཁྱེར་གྱིས་གྲངས་འཛིན་ལག་རྩལ་བེད་སྤྱོད་ཧུར་ཐག་བྱས་པ་མ་ཟད། སྲིད་ཇུས་ཀྱི་སྣེ་ཁྲིད་དང་ལག་ལེན་གྱི་འཚོལ་ཞིབ་ཁྲོད་མདུན་སྐྱོད་བརྟན་པོ་བྱས་པས། ཞིང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྐུལ་འདེད་བཏང་བས་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ།
ལྷ་རྩེ་རྫོང་ཆོས་མ་ཤང་དགེ་མདའ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་ལགས་ཀྱིས་སོན་འདེབས་ལུད་རྒྱག་འཕྲུལ་འཁོར་བཏང་ནས་ཞིང་ནང་གི་ཕྱོགས་སུ་བསྐྱོད་པ་དང་། དེ་ནས་ཁོང་གིས་བྱང་ཆ་ལྡན་པའི་སྒོ་ནས་རིག་ནུས་གྲངས་འཛིན་གྱི་ལྟ་ཞིབ་ཚད་ལེན་འཆར་ཤེལ་དུ་སོན་འདེབས་གཏིང་ཚད་ལི་སྨི་12དང་མུའུ་རེར་ལུད་རྒྱག་ཚད་སྤྱི་རྒྱ་20ཡི་གྲངས་གཞི་བླུགས། ན་ནིང་ཟླ་བ་རྒྱལ་ལགས་ཁྱིམ་གྱི་ས་ཞིང་མུའུ་120ལ་ལུད་བརྒྱབ་པ་གནད་ལ་འཁེལ་པོ་བྱུང་བས་ཐོན་འབབ་མངོན་གསལ་དོད་པོ་འཕར་ནས་ཁྱིམ་ཚང་ཡོངས་ཀྱི་ཡོང་འབབ་སྒོར་ཁྲི་24ལས་བརྒལ་ཡོད། ངལ་རྩོལ་པ་6མཁོ་བའི་ཞིང་ལས་ད་ཆ་བཟའ་ཟླ་གཉིས་ཀྱིས་བྱེད་ཐུབ་པར་བརྟེན། ནང་མི་གཞན་དག་གྲོང་ཁྱེར་དུ་གླ་པར་འགྲོ་རྒྱུ་བྱུང་བས་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ཚན་ཚན་ཕྲེང་འབྲེལ་ཁུངས་འདེད་མ་ལག་བེད་སྤྱོད་གང་ལེགས་བྱས་ཏེ་ས་བོན་ཐུམ་རེར་ཐོབ་ཐང་བཤེར་བྱང་བཟོས་ཡོད་པ་དང་། རྩ་གཉིས་ཨང་རྟགས་བཤེར་ཚེ། ནས་ཀྱི་འདེབས་འཛུགས་རྟེན་གཞི་དང་། འདེབས་འཛུགས་བྱེད་མཁན། དེ་བཞིན་ལུད་དང་ཞིང་སྨན་སོགས་ཀྱི་ཆ་འཕྲིན་གསལ་པོར་རྟོགས་ཐུབ་པས། ནས་འདེབས་འཛུགས་ཀྱི་བརྒྱུད་རིམ་ཡོངས་ལ་ལྟ་འདོམས་ཁུངས་འདེད་ཐུབ་པ་བྱུང་ཡོད། བྱེད་ཐབས་དེས་ནས་ཀྱི་ཁུངས་འདེད་ཐུབ་ཚད་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ནས་ཀྱི་སྣ་ཁའི་ཐོན་ཁུངས་དང་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་སོན་བཟང་སྤུས་རྟགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས། གཞིས་རྩེའི་ནས་ཀྱི་ཐོན་ལས་སྤུས་རྟགས་འཛུགས་སྐྱོང་ལ་སྔར་བས་སྐུལ་མ་ཐེབས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སོན་བཟང་ཞིང་ཁ་མུའུ་ཁྲི་6ལ་ཁུངས་འདེད་མ་ལག་བཟོས་པ་དང་། བསམ་གྲུབ་རྩེ་དང་། རྒྱལ་རྩེ། ས་སྐྱ། པ་སྣམ་བཅས་ཀྱི་ནས་སོན་ལ་རྨོ་འདེབས་དང་། གཡོག་བྱེད། བརྔ་བསྡུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་མངོན་འགྱུར་བྱུང་ཡོད།
གཞན་ཡང་། གནོད་འཚེའི་བཀའ་རྒྱ་དང་ལེན་མྱུར་པོ་བྱས་ནས་རོགས་སྐྱོབ་བྱ་སྤྱོད་སྒྲིག་འཛུགས་བྱེད་བདེ་བའི་ཆེད་དུ། གནོད་འཚེ་འཕྲལ་སྡོམ་གོང་ཞུ་དང་དེ་བཞིན་རོགས་སྐྱོབ་ལམ་སྲོལ་བཟོས་ཤིང་། ཞིང་པས་མ་ལག་ནས་གནོད་འཚེའི་གཞི་རྩའི་ཆ་འཕྲིན་གོང་ཞུ་བྱེད་ཆོག་པས་གོང་རིམ་ནས་དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ཤེས་ཐུབ་ནས་འཕྲལ་མར་རོགས་སྐྱོབ་བྱ་སྤྱོད་སྤེལ་ཆོག
ཞབས་ཞུ་གསར་གཏོད་ཕྱོགས་སྟོན་དུ་བྱས་ནས་ཞིང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པར་བྱས།
རྣམ་གླིང་རྫོང་ནུ་མ་ཤང་རབ་ལག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཞིང་ལས་ལག་རྩལ་གྱི་དམིགས་བསལ་སློབ་ཚན་ཞིག་ཚ་ཚ་འུར་འུར་དུ་འཚོག་བཞིན་འདུག འཆད་སྟེགས་སུ་གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལས་དོན་པས་ལག་ཐོགས་ཁ་པར་ནང་གི“ཇོ་རིའི་རིག་ལྡན་ཞིང་སྐྱོར”APPབཀོལ་སྤྱོད་བྱས་ནས“འདིར་གནོན་ཙམ་བྱས་ན། ས་ཞིང་གི་ཡིག་ཚགས་གསལ་པོ་མཐོང་ཐུབ། འདིར་འཐེན་ཙམ་བྱས་ན་ས་ཞིང་གི་སེར་ལངས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ”ཅེས་འགྲེལ་བཤད་བརྒྱབ། འཆད་སྟེགས་འོག་གི་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ལ་བལྟས་ནས་དེ་ཙམ་བྱང་ཆ་མེད་པའི་མཛུབ་མོས་ནན་ཏན་ངང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
གྲངས་འཛིན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཆེད་ལས་གསོ་སྦྱོང་ཐེངས་མང་བྱས་པ་བརྒྱུད་ཞིང་ལས་དང་ཆ་འཕྲིན་ལག་རྩལ་གྱི་ཤེས་རྩལ་འཛོམས་པའི་མི་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཞིང་པའི་གྲངས་འཛིན་བཀོལ་སྤྱོད་བྱང་ཚད་དང་རྩལ་ནུས་ཆེ་རུ་གཏོང་གི་ཡོད། གྲངས་འཛིན་ཞིང་ལས་ཇོ་རིའི་རིག་ལྡན་ཞིང་སྐྱོར་APPལ་ཐོ་འགོད་མི་གྲངས་3500ལྷག་ཙམ་ཟིན་ནས་ཞིང་པར་སྟབས་བདེའི་ཞིང་ལས་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས“ནས་ཀྱི་གྲངས་གཞི་ཆེན་པོའི་ཆ་འཕྲིན་ཅན་མ་ལག”ལ་བརྟེན་ནས“གཞིས་རྩེ་ཞིང་འཕྲུལ་ལྟ་འདོམས་ཆ་འཕྲིན་ལས་སྟེགས”གསར་སྤེལ་ལེགས་གྲུབ་བྱས་པ་དང་། བོད་དུ་ཞིང་འཕྲུལ་ལྟ་འདོམས་མཉེན་ཆས་ཐོག་མར་སྤྱོད་རྒྱུ་བྱུང་ཡོད། མཉེན་ཆས་དེའི་རྒྱབ་སྐྱོར་འོག གཞིས་རྩེ་གྲོང་ཁྱེར་ཞིང་འཕྲུལ་ས་ཚིགས་ཀྱིས་ཐོ་ཕྲུག་དང་བརྔ་བསྡུ་མཉམ་སྤྱོད་འཕྲུལ་འཁོར་217ཐོ་འགོད་བྱས་ཏེ་འཁོར་ཨང་བསྒར་བ་དང་། གསོ་སྦྱོང་བྱས་པ་དང་ཡིག་རྒྱུགས་བཏང་ནས་ཐོ་ཕྲུག་དང་བརྔ་བསྡུ་མཉམ་སྤྱོད་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་154སྤྲད་པ། ད་དུང་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་ལེན་བྱས་པ་མ་ཟད། མི་346ལ་འཁོར་གཏོང་རྒྱུགས་ཚན་དང་པོ་ཡང་བཏང་བ་རེད། བྱེད་ཐབས་དེ་དག་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འཕྲུལ་དོ་དམ་ལས་དོན་ལ་ཚན་རིག་དང་མཐུན་པ་དང་། སྤྱོད་བདེ་བ། གོ་ཆོད་པ་བཅས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་ལྟ་འདོམས་ལས་དོན་ལ་ཉམས་མྱོང་རྩ་ཆེན་བསགས་ཡོད།
མཐུན་སྦྱོར་མཉམ་ལས་འགན་སྲུང་དུ་བྱས་ཏེ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
མུའུ་ཁྲི་6གི་ནས་ཀྱི་སོན་བཟང་ཞིང་ཁའི་སྐྱེ་འཚར་དང་། སོན་བཟང་རྒྱ་མ་ཁྲི་560ཡི་ཁུངས་འདེད་ཐབས་ལམ། སྤྱི་རྒྱ་ཁྲི་15ཡི་གེགས་སྐྱོབ་མུག་སྐྱོབ་འབྲུ་གསོག་བྱེད་ཚུལ་སོགས་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ལས་གྲངས་གཞི་ཆེན་པོའི་ལས་སྟེགས་ཐོག་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་གྲངས་གཞི་མངོན་བཞིན་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་པས་བརྙན་ཤེལ་ལ་རེག་ཙམ་བྱས་པས་རབ་ལག་གྲོང་ཚོའི་སློབ་ཁྲིད་ཀྱི་རྣམ་པ་མངོན་པ་དང་། “‘ཇོ་རིའི་རིག་ལྡན་ཞིང་སྐྱོར’སྤྱོད་ཤེས་མཁན་ཞིང་པ་གཅིག་མང་དུ་འགྲོ་རིམ་བཞིན་ས་མཐོའི་ཞིང་ལས་ཐད་རིག་ལྡན་ས་བོན་གཅིག་མང་དུ་འགྲོ་གི་ཡོད”ཅེས་ལས་དོན་པས་མྱོང་བ་ཟབ་མོ་བྱུང་བཞིན་དུ་བཤད།
གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་གྱིས་འབྲེལ་མཐུད་དམ་ཟབ་བྱས་ཏེ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། དཔལ་འབྱོར་ཆ་འཕྲིན། ཚན་རྩལ་སོགས་སྡེ་ཚན་དང་མཐུན་སྦྱོར་གྱིས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་རྣམ་གྲངས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་བོད་སྐྱོར་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་གིས་སྔ་རྗེས་སུ་ཧེ་ལུང་ཅང་དང་། ཧྲན་ཏུང་། པེ་ཅིང་བཅས་སུ་གཞིས་རྩེ་གྲོང་ཁྱེར་གྱི་གྲངས་འཛིན་ཞིང་ལས་གསོ་སྦྱོང་འཛིན་གྲྭ་དང་གྲངས་འཛིན་ཅན་གྱི་ཤེས་ལྡན་པའི་བྱང་ཚད་མཐོ་རུ་གཏོང་བའི་ཆེད་དོན་ཞིབ་སྦྱོང་འཛིན་གྲྭ་གཉེར་བ་རེད། ས་བབ་མཐོ་བའི་ས་ཁུལ་གྱི་གྲངས་འཛིན་ལག་རྩལ་ཞིབ་འཇུག་གསར་གཏོད་ལྟེ་གནས་བཙུགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་གྲངས་འཛིན་བཀོལ་སྤྱོད་བྱང་ཚད་དང་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་རྟེན་གཞི་བཙུགས་ནས་གྲངས་འཛིན་ཞིང་ལས་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
འབྱུང་འགྱུར་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གྲངས་འཛིན་ཞིང་ལས་འཛུགས་སྐྲུན་མུ་མཐུད་ཞིབ་ཚགས་སུ་གཏོང་བ་དང་། འཚོལ་ཞིབ་གསར་གཏོད་ཟམ་མི་ཆད་པར་བྱེད་པ། ཞིང་ལས་འཕེལ་རྒྱས་ལ་གྲངས་འཛིན་གྱི་གཤོག་ཟུང་བསྒར་བ་བཅས་བྱས་ནས་ཞིང་ལས་དེང་རབས་ཅན་མངོན་འགྱུར་དང་གྲོང་གསེབ་དར་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད།