དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • དྲོད་ཁང་ཆེན་པོའི་སྔོ་ཚལ་ལས་ཨ་ཁུ་འབྲོག་པའི་སྔོ་ཚལ་དགོས་མཁོ་ལེགས་པར་བསྐངས།

    —— མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་སྒྲིག་བཀོད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    འཛིན་མའི་ཁྱོན་དུ་དཔྱིད་ཀྱི་བུ་མོའི་འཛུམ་ཞལ་གྲོལ་ཡང་། མངའ་རིས་ས་ཁུལ་དུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་། རུ་ཐོག་རྫོང་གིས་སྔོ་ཚལ་མཁོ་སྤྲོད་འགན་ལེན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ནུས་ཤུགས་ཡོད་རྒུས་སྔོ་ཚལ་ཐོན་སྐྱེད་ལ་ཞུགས་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་མིར“ཤ་ཚལ་སྒོང”གསུམ་མཁོ་འདོན་བརྟན་པོ་བྱས་དང་བྱེད་མུས་ལགས།

    སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ཚལ་དྲོད་ཁང་དུ་འཛུལ་སྐབས། དྲོ་འཇམ་གྱི་ཉི་འོད་ལས་མི་རྣམས་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན། རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་རུ་ཐོག་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་པ་ཚེ་རིང་སྒྲོལ་མ་དང་ལས་དོན་མི་སྣ་གཞན་དག་དྲོད་ཁང་ཆེན་པོར་སྔོ་ཚལ་གཡོག་བྱེད་ལས་ལ་བྲེལ་བཞིན་ཡོད་པ་དང་། ཚེ་རིང་སྒྲོལ་མས་བྱང་ཆུབ་པོས་ཆུ་གཏོང་སྒྲིག་ཆས་ལ་ཞིབ་བཤེར་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཆུ་ཤུགས་ལ་ཚོད་འཛིན་བྱེད་པ། སྔོ་ཚལ་གྱི་ལྗང་བུ་ཚང་མར་གནད་ལ་འཁེལ་པོས་ཆུ་གཏོང་བཞིན་ཡོད་པ་མཐོང་ཐུབ།

    “ང་ཚོས་གཟའ་འཁོར་འདིའི་ནང་སྒྲིག་བཀོད་སྔོ་ཚལ་མུའུ་0.4འདེབས་རྩིས་ཡོད། མིག་སྔར་དུས་འགོའི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་སོང་། གཤམ་ལ་ང་ཚོས་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས། ས་བོན་སོགས་ཞིང་ལས་རྒྱུ་ཆ་སྣ་ཚོགས་དུས་ཐོག་ཏུ་མཁོ་སྤྲོད་འདང་ངེས་ཐུབ་པ་དང་བདེ་འཇགས་ལྷད་མེད་ཀྱི་སྔོ་ཚལ་སོས་པ་ཚང་མས་ཟ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚེ་རིང་སྒྲོལ་མས་དཔྲལ་བའི་རྔུལ་ཆུ་ཕྱི་གིན་སེམས་རྩ་འཁོལ་པོས་ངོ་སྤྲོད་བྱས།

    དུས་ཡུན་རིང་པོའི་ནང་། རུ་ཐོག་རྫོང་ལ་སྔོ་ཚལ་མཁོ་སྤྲོད་དཀའ་བ་དང་དགུན་དུས་སྔོ་ཚལ་འདེབས་དཀའ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། འཕེལ་རྒྱས་ཀྱི་དཀའ་གནད་དེ་སེལ་ཆེད། རུ་ཐོག་རྫོང་གིས་སྒྲིག་བཀོད་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚཌ་བྱས། 2020ལོ་ནས་བཟུང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3590ལྷག་ཙམ་བཏང་ནས་མཐོ་གྲང་སྒྲིག་བཀོད་སྔོ་ཚལ་རྟེན་གཞི་འཛུཌ་སྐྲུན་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དགུན་དུས་སྔོ་ཚལ་འདེབས་འཛུཌ་ལག་རྩལ་གྱི་དཀའ་གནད་བདེ་བླག་ངང་བསལ་ནས་ས་གནས་དེ་གའི་སྔོ་ཚལ་ཐོན་སྐྱེད་ལ་ཐབས་ལམ་གསར་པ་བཏོད་ཡོད།

    “ང་ཚོས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཧུར་ཐག་དང་རྫོང་ཡོངས་ཀྱི་ཞིང་ལས་ཆེད་ལས་ལག་རྩལ་མི་སྣ་དང་། ཞིང་འབྲོག་ཚན་རྩལ་ཆེད་བསྐོས་མི་སྣ། དེ་བཞིན་གྲོང་གསེབ་ཀྱི་འདེབས་འཛུགས་ཤེས་ལྡན་མི་སྣ་སོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། དགུན་དུས་སུ་ཕྱར་བ་གྲུ་འདེགས་ཀྱིས་སྔོ་ཚལ་འདེབས་འཛུགས་ལས་དོན་དུས་མཉམ་དུ་སྤེལ་བ་ཡིན། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། དགུན་དུས་སུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་དགུན་དུས་སུ་མང་ཚོགས་ཀྱི་ས་ཞིང་དགུན་ཉལ་གཏོང་བའི་སྲོལ་རྒྱུན་གྱི་འདུ་ཤེས་ལ་རིམ་བཞིན་འགྱུར་བ་བཏང་བས་དགུན་དུས་སུ་ས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་ནུས་པ་སྔར་བས་མཐོ་རུ་ཕྱིན་ཡོད”ཅེས་རུ་ཐོག་རྫོང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་ལས་རོགས་ཕྱུགས་ལས་ཆེ་མོ་བས་བཤད།

    ཞིང་ལས་ཐོན་ལས་གླིང་གི་སྔོ་ཚལ་དྲོད་ཁང་དུ་རུ་ཐོག་གྲོང་ཚོའི་ཡུལ་མི་ཚེ་རིང་བསམ་གྲུབ་ཀྱིས་བྱང་ཆུབ་པོས་ཆུ་ཤུགས་སྒྲིག་ཆས་སྙོམས་སྒྲིག་བྱས་ཏེ་སྔོ་ཚལ་ལ་ཆུ་གཏོང་བཞིན་ཡོད། ལོ་གཅིག་གི་སྔོན་དུ། ཁོ་པ་ནི་ཕྱུགས་རྫི་འབྲོག་པ་ཞིག་ཡིན་པ་ཀུན་གྱི་བློ་ཡུལ་ལའང་འཁོར་དཀའ་བ་ཞིག་རེད། གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་འཕེལ་རྒྱས་བཏང་ཚུན། ཚེ་རིང་བསམ་གྲུབ་རྟེན་གཞིའི་བཟོ་པ་ཞིག་ཏུ་གྱུར་ནས་རྒྱུན་དུ་སྔོ་ཚལ་གཡོག་བྱེད་ཀྱི་ལས་འགན་འཁུར་གྱི་ཡོད།

    སྔོན་ཆད་སྔོ་ཚལ་དཀོན་པ་ནས་ད་ཆ་ས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་བར་དང་། སྔོན་ཆད་ས་ཞིང་དགུན་ཉལ་དུ་གཏོང་བ་ནས་ད་ལྟ་ཞིང་འབྲོག་པ་སྔོ་ཚལ་འདེབས་འཛུགས་ནང་ཧུར་ཐག་ཞུགས་ཏེ་རྩལ་ནུས་གསར་པ་སྦྱངས་ནས་འབབ་འཕར་ཕྱུག་འགྱུར་བྱུང་བའི་བར། རུ་ཐོག་རྫོང་གིས་སྔོ་ཚལ་ཐོན་སྐྱེད་ཁྱབ་ཁོངས་སུ་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བསྟར་བ་དེས་ཡུལ་མིའི“ཤ་ཚལ་སྒོང”གསུམ་ལ་འགན་ལེན་བརྟན་པོ་ཐུབ་པ་མ་ཟད། ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཏེ་ས་ཞིང་དེ་ལས་གསོན་ཤུགས་གསར་པ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།