ས་མཐོའི་འབྲོག་གླུ་སྙན་འཇེབས་ལྡན། གྲོང་གསེབ་རྣམ་པ་སྐྱ་ནམ་རྒྱས།
ཆུ་གསུམ་རྫོང་རྨ་རོ་གྲོང་ཚོའི་འཕེལ་རྒྱས་སྐོར་རགས་ཙམ་བཀོད་པ།
འདི་ནི་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོའི་ཡུལ་མིས་ཕྱུར་བ་བཟོ་བཞིན་པ།
འདི་ནི་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོའི་ལྷས་ར་གསར་པ་ཡིན་པ།
འདི་ནི་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོའི་ཕྱུར་བ་ཡིན་པ།
སྔོན་ཆད་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་ཐག་རིང་ལུང་ཁུག་ཡིན་པའི་དབང་གིས་འཕེལ་རྒྱས་འགྲོ་འགོར་བའི་འབྲོག་ལས་རྐྱང་པའི་གྲོང་ཚོ་སྟེ། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་འགག་གནད་སྒྲོལ་ས་དང་ཐོན་ལས་ཀྱི་རིམ་པ་སྤོར་བའི“སྒུལ་ཤུགས”སུ་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་བསྐྱོད་ཡོད།
མི་ཕྱུགས་མཉམ་སྡོད་ནས་སྐྱེ་ཁམས་སྡོད་མལ་ བར་གྱི་འགྱུར་ལྡོག་ལམ་བུ།
ས་བབ་མཐོ་བའི་འབྲོག་ལས་རྐྱང་པའི་རྨ་རོ་གྲོང་ཚོས་མི་རབས་ནས་མི་རབས་བར་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཀྱི་རྒྱུན་སྐྱོང་བཞིན་ཡོད་ཅིང་། སྒོ་ཕྱུགས་ཀྱི་ལྕི་བ་གང་སར་སྤུངས་པ་དང་བཙོག་ཆུ་གང་སར་རྒྱུག་པའི་ཁོར་ཡུག་གིས་གྲོང་ཚོ་ཡོངས་སུ་ཆམ་རིམས་དང་། རྒྱུ་མའི་ནད། ཐུམ་འབུའི་ནད་བཅས་ཐོན་མང་པོ་ཡོད་ལ། ལོ་ལྟར་སྒོ་ཕྱུགས་མི་ཤོང་བའི་རྐྱེན་གྱིས་རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་ཁ་ཤས་ཕོག་ཡོད། 2018ལོར། ཆུ་གསུམ་རྫོང་རྨ་རོ་གྲོང་ཚོ་འདི་ཉིད་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་གྲོང་ཚོ་གཙོ་བོའི་གྲས་སུ་བཅུག་ནས་ཆེད་དངུལ་བཏང་སྟེ་སྒོ་ར་གསར་སྒྱུར་བྱེད་འགོ་ཚུགས་ཡོད།
རྨ་རོ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བཀྲ་ཤིས་སྒྲོལ་མས། “ལྷས་ར་བཤིག་རྒྱུ་ནི་རི་སྤོ་བ་ལས་ཀྱང་ཁག་པ་འདུག”ཅེས་མ་གསང་དྲང་པོར་བརྗོད། “ང་ཚོའི་མེས་པོ་ཚོས་ཀྱང་འཚོ་བ་འདི་ལྟར་བསྐྱལ་ནས་ཡོང་བ་རེད”ཅེས་པའི་ཡུལ་མི་ཚོའི་མ་འདོད་པའི་རྣམ་འགྱུར་གྱི་མདུན་དུ། གྲོང་ཚོའི་ཏང་ཀྲི་པུས“གོམ་སྟབས་གསུམ”གྱི་ཐབས་ཇུས་སྤྱད་པ་སྟེ། ཏང་ཡོན་ལས་བྱེད་པས་སྔོན་ལ་རང་ཁྱིམ་གྱི་ལྷས་ར་བཤིག་ནས་ཁོད་སྙོམས་རྗེས་ཀྱི་སྒོ་ར“དཔེ་མཚོན་ཁང་པར”བསྒྱུར་བ་དང་། ཡུལ་མི་སྒྲིག་འཛུགས་ཀྱིས་དཔེ་སྟོན་དུད་ཚང་དུ་ལྟ་སྐོར་ལ་ཁྲིད་དེ་དུག་སྦྲང་ཇེ་ཉུང་དང་རིམས་ནད་ཐོན་ཉུང་དུ་སོང་བའི་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ལ་ལྟ་རུ་བཅུག་པ། གཅིག་སྡུད་གསོ་ཚགས་ཁུལ་དུས་མཉམ་དུ་འཆར་འགོད་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་བཅས་རེད།
སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རིང་། མ་དངུལ་འབོར་ཆེན་བཏང་ནས་ལྷས་ར་ཚད་ལྡན་ཁག་49བསྐྲུན་པ་དང་། དགུན་ས་དང་དབྱར་ས་ཚན་རིག་དང་མཐུན་པའི་ངང་ཕྱེ་བ་མ་ཟད། བཙོག་འབུད་དང་དུག་སེལ་སྒྲིག་ཆས་ཀྱང་བསྒར་བ་རེད། “གཅིག་སྡུད་གསོ་ཚགས་དང་དུས་ཚིགས་མི་འདྲ་བའི་དོ་དམ་ཟུང་དུ་འབྲེལ་བའི”རྣམ་པ་དེ་རིགས་ཀྱིས་གྲོང་མིའི་སྡོད་གནས་གུ་ཡངས་སུ་ཕྱིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་ལག་ཡོད་སྒོ་ཕྱུགས་མགོ་གྲངས་ཀྱང་ལྡབ་འཕར་བྱུང་ཡོད། གསོ་ཚགས་དུད་ཆེན་འཕྲིན་ལས་དབང་མོའི་ལུག་ཁྱུ་མགོ་གྲངས་100ནས་200བར་འཕེལ་བ་དང་འབྲི་གཡག་མགོ་གྲངས་90བར་ལྡབ་འཕར་བྱུང་ཡོད།
རྐྱང་རྒྱུག་རྐྱང་འཐབ་ནས་ཐུན་མོང་འབྱོར་ཕྱུག་ བར་གྱི་ཐོན་ལས་ཀྱི་འཕེལ་རྒྱས།
རྨ་རོ་གྲོང་ཚོས་གོ་སྐབས་ལ་དམ་འཛིན་བྱས་ཏེ། 2023ལོར་འགག་རྩའི་སྒྱུར་བཅོས་ཁག་གཉིས་བྱས་པ་སྟེ། བོད་ལྗོངས་ཆུ་གསུམ་རྨ་རུ་གྲོང་ཚོའི་འབྲོག་ཟོག་མཁོ་འཚོང་ཀུང་སི་དང་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ནས། “ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་། མ་དངུལ་རྐང་དངུལ་ལ་འགྱུར་བ། འབྲོག་པ་མ་རྐང་གི་བདག་པོར་འགྱུར་བ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་བཏོད་ཡོད།
གྲངས་གཞིས་སྒྱུར་བཅོས་ཀྱི་ཕན་འབྲས་ལ་བདེན་དཔང་བྱས་པ་སྟེ། ད་ལོར་གྲོང་ཚོའི་མཉམ་སྡེབ་གསོ་ཚགས་ཀྱི་གཞི་ཁྱོན་མགོ་གྲངས་3000ལྷག་ཙམ་ཟིན་པ་དང་། 2024ལོར་བཤས་གཏོང་ཚད་དུས་མཚུངས་ལས་490%འཕར་ཏེ། མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་90བྱུང་ཡོད། མ་རྐང་ནང་ཞུགས་ནས་བགོ་འགྲེམས་བྱས་པ་བརྒྱུད། དུད་ཚང་50ཡི་ཡུལ་མིར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་འཕར་མ་སྒོར་1000བྱུང་བ་དང་། སྐབས་འཕྲལ་གླ་པར་ཕྱིན་པར་ཡོང་འབབ་སྒོར་ཁྲི་19བྱུང་ཡོད། གཞན་ཡང་། ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་དེ་ལས་ཆེ་བ་བྱུང་བ་སྟེ། མང་ཚོགས་3གྱིས་དུས་ཡུན་རིང་པོར་རྩྭ་ས་ཁག་3ལ་ལྟ་སྲུང་བའི་འགན་ཁུར་བ་དང་། ཕྱུགས་རྫིར་ལོར་ཡོང་འབབ་སྒོར་ཁྲི་19.44བྱུང་བ། མི་ཐེངས་900ལྷག་ཙམ་གྱིས་ལུ་གུ་སྐྱེ་བསུ་དང་གསོ་སྐྱོང་གི་བརྒྱུད་རིམ་ཚང་མར་ཞུགས་པ་ལས། དེ་སྔའི་འབྲོག་ལས་ཀྱི་བློ་གྲོས་དང་དེང་རབས་ཚན་རྩལ་གཉིས་མཉམ་འདྲེས་གཏིང་ཟབ་འབྱུང་བཞིན་ཡོད།
ལུང་ཁུག་གི་ཡུལ་ཟོག་ནས་ཁྱད་ལྡན་ཐོན་ཟོག་རྩེ་ གྲའི་བར་གྱི་རིན་ཐང་གི་འཕོ་འགྱུར།
མཉམ་ལས་ཁང་གི་ཐོན་རྫས་འགྲེམས་སྟོན་ཁང་དུ་སྐྱོད་སྐབས“ཨེ་ཆུ་མདོ་རྒྱང”གི་ཚོང་རྟགས་སྦྱར་བའི་ལག་རྟགས་ཤོག་སྒམ་རྣམས་མངོན་གསལ་ཧ་ཅང་དོད་པ་སྟེ། ཕྱི་ཤོག་ཏུ་འབྲི་གཡག་དང་། གངས་རི། རྩྭ་ཐང་སོགས་ཀྱི་འབུར་གཟུགས་རི་མོ་འཁོད་ཡོད་པ་དང་། ནང་དུ་བོད་བཟོའི་རི་མོས་བརྒྱན་པའི་རས་ཁུག་ནང་ཐུམ་སྒྲིལ་བརྒྱབ་པའི་ཚགས་ཤ་སྐམ་པོ་དང་། མར་གྱི་ལྕགས་ཀྲིན། ཕྱུར་ཞིབ་ཀྱི་ལྕགས་ཀྲིན་སོགས་གྲལ་འགྲིག་པོས་བླུགས་འདུག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་བཀྲ་ཤིས་སྒྲོལ་མས། “ང་ཚོའི་མར་ནི་ཉི་མའི་འོག་བཞག་ནའང་ལས་སླ་པོར་བཞུར་གྱི་མེད། ཕྱུར་ཞིབ་ནི་སྲོལ་རྒྱུན་གྱི་ལག་རྩལ་སྤྱད་ནས་བཟོས་པས་ཞིམ་པོ་ཡོད”ཅེས་རྒྱུས་མངའ་ཆེན་པོས་བརྗོད།
2024ལོའི་ཡར་ཀླུང་རིག་གནས་དུས་ཆེན་རིང་། “ཨེ་ཆུ་མདོ་རྒྱང”གི་སྤུས་ལེགས་ཀྱི་ལག་རྟགས་ཤོག་སྒམ་བཏོན་མ་ཐག་གཅིག་རྐྱང་མ་ལུས་པར་བྲིན་པ་དང་། སྒོར་ཁྲི་6གི་བྲིན་ཚོང་དངུལ་འབོར་གྱིས་གྲོང་ཚོ་རིམ་པའི་འགྲེམས་ཚོང་གི་ཟིན་ཐོ་བཏོད་ཡོད།
གྲོང་ཚོའི་མཉམ་སྡེབ་ཀྱིས་བཏོད་པའི“ཨེ་ཆུ་མདོ་རྒྱང་འབྲོག་པའི་འཚོ་བ་ཉམས་ལེན་ཁང”གིས་སྦྲ་གུར་དང་། ཀོ་གྲུ ཇ་མདོང་སོགས་འབྲོག་ཁུལ་གྱི་འཚོ་བའི་མཁོ་ཆས་རྣམས་རིག་གནས་ཡུལ་སྐོར་གྱི“IP”ལ་བསྒྱུར་ཡོད། ཡུལ་སྐོར་བས་འོ་མ་འཇོ་བ་དང་། ཇ་སྲུབ་པ། སྒོར་གཞས་འཁྲབ་པ་སོགས་འབྲོག་ཁུལ་གྱི་འཚོ་བར་ཉམས་ལེན་བྱེད་ཆོག་པ་མ་ཟད། ས་གནས་ས་ཐོག་ཏུ་ལུག་ཤ་རྩིབ་བཀྲག་གི་བྲོ་བའང་མྱོང་ཆོག་གི་ཡོད། བཀྲ་ཤིས་སྒྲོལ་མས་གསར་འགོད་པར། “ན་ནིང་ཡུལ་སྐོར་བ་མི་ཐེངས་300ལྷག་ཙམ་ལ་སྣེ་ལེན་ཞུས་པར། མང་ཚོགས་ལ་ཡོང་འབབ་འཕར་མ་སྒོར་ཁྲི་5བྱུང་ཡོད”ཅེས་བརྗོད།