ཧུའུ་པེའི་ཀྲང་ཧུང་ལིན་གྱིས་གངས་ལྗོངས་ས་མཐོར་བྱ་གསོའི་ཐོན་ལས་གླིང་བསྐྲུན་པ།
སྒོ་ང་སོས་པས་ས་མཐོའི་མང་ཚོགས་ཀྱི་འཚོ་བཅུད་ཕུན་སུམ་ཚོགས་སུ་བཏང་བ།
འདི་ནི་ཀྲང་ཧུང་ལིན་གྱིས་སྒོ་ངའི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།
ས་བབ་སྨི་3800ཡོད་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་སྤུ་རིང་ལུང་ཤུར་དུ། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཧུང་ལིན་གྱིས་ས་མཐོར་འཕྲོད་པའི་བྱ་གསོའི་ཐོན་ལས་གླིང་ཞིག་བསྐྲུན་ཡོད།
ཐོན་ལས་གླིང་དུ་འཛུལ་སྐབས་མིག་ལམ་དུ་འཆར་བ་ནི་གཙང་ལ་གྲལ་འགྲིག་པའི་བྱ་ཚང་དང་དེ་བཞིན་རང་འགུལ་ཅན་གྱི་ལྟོ་སྟེར་སྒྲིག་ཆས་དང་རིག་ནུས་ཁོར་ཡུག་ཚོད་འཛིན་མ་ལག་རེད་འདུག ཀྲང་ཧུང་ལིན་གྱིས“བྱ་གསོ་ར་བའི་རྒུམ་བུ་ལས་སྣོན་དང་། སྒོ་ང་དབྱེ་འབྱེད། ཐུམ་སྒྲིལ་རྒྱག་པ། སྐྱེ་ལྡན་ལུད་ཐོན་སྐྱེད་བཅས་བརྒྱུད་རིམ་ཧྲིལ་པོའི་གཉེར་སྐྱོང་དོ་དམ་ཚང་མ་རང་འགུལ་ཅན་དང་རིག་ནུས་ཅན་མངོན་འགྱུར་བྱུང་ཡོད”ཅེས་བཤད།
ཀྲང་ཧུང་ལིན་2020ལོར་བོད་དུ་ཡོང་ནས་ས་མཐོར་བྱ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ་ཞིང་། ཁོང་གི་བསམ་འདུན་ཆེ་ཤོས་ནི“གོང་ཁེ་བའི་སྒོ་ང་སོས་པ་ཚང་མས་བཟའ་ཐུབ་པར་བྱ་རྒྱུ”དེ་རེད།
ས་མཐོར་ཐོག་མར་སླེབས་སྐབས་ཀྲང་ཧུང་ལིན་ས་མཐོར་མ་འཕྲོད་པའི་དབང་གིས་རྟག་ཏུ་མགོ་ན་བ་དང་དབུགས་འཚང་བའི་ནད་རྟགས་ཐོན་ཡོད། འོན་ཀྱང་སྐབས་དེ་དུས་ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་ལུས་པོའི་ནད་རྟགས་མ་ཡིན་པར་བྱ་དེ་ཇི་ལྟར་གསོས་ནས་སྒོ་ང་ཡག་པོ་ཐོན་པར་བྱ་རྒྱུ་དེ་རེད། “ས་བབ་མཐོ་བའི་ཡུལ་ལུང་དུ་མི་མང་ཆེ་བར་ལ་དུག་རྒྱག་སྲིད། བྱ་དེའང་ད་ག་རང་རེད་འདུག”
སྔོན་ཆད་ལས་ཀ་དེ་རིགས་སྒྲུབ་མཁན་མེད་པར་བརྟེན་རང་ཉིད་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། “ས་བབ་མཐོ་སར་ག་རེ་མཁོ་ན། བྱ་གསོའི་ཚད་གཞིར་ཡང་དེ་རིགས་གསབ་དགོས” ཀྲང་ཧུང་ལིན་གྱིས་བསམ་ཕྱོགས་འཚོལ་ཞིབ་བྱས་ནས་བྱ་ཚང་ལ་དྲོད་གཏོང་དང་། བརླན་སྣོན། མཁའ་རླུང་བརྗེ་བ་སོགས་རིག་ནུས་ཁོར་ཡུག་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་ཏེ། མཁའ་རླུང་འཁོར་རྒྱུག་ཡོང་བ་དང་གསོ་རླུང་འདུས་ཚད་རྒྱུན་འཁྱོངས་བྱས་ཡོད། ཁོང་གིས“བྱ་གསོའི་ཐོན་སྐྱེད་ནུས་ཤུགས་དང་ཕན་འབྲས་ཚང་མ་ཚན་རྩལ་ལ་བརྟེན་དགོས་འདུག”ཅེས་ཕྱོགས་སྡོམ་བྱས།
ས་མཐོའི་ཡུལ་གྱི་གསོ་ཚཌ་ལག་རྩལ་ནི་ཐང་གཤོངས་ཁུལ་དང་མི་འདྲ་ཞིང་། “ཝུའུ་ཧན་དུ་རྒྱུན་གཏན་གྱི་རྒུམ་བུའི་འཚོ་བཅུད་བསྡུར་ཚད་སྤྱོད་ཆོག འོན་ཀྱང་བོད་དུ་ཡུལ་བབ་དང་བསྟུན་ནས་བསྡུར་ཚད་ལ་ཚོད་ལྟ་དང་ལེགས་སྒྲིག་ཡང་ཡང་བྱེད་དགོས་འདུག ནང་ས་ནས་བྱ་ཕྲུག་བོད་དུ་དབོར་བ་ཁོ་ནར་ཡང་འགྲན་སློང་ཆེན་པོ་འཕྲད་བྱུང” དེར་བརྟེན་ཀྲང་ཧུང་ལིན་གྱིས་ནང་ས་ནས་རིགས་གཅིག་མཁས་ཅན་ཁྲིད་དེ་བྱ་ཕྲུག་དབོར་བར་མཛུབ་ཁྲིད་བྱས་མཐར། ནང་ས་ནས་དབོར་བའི་བྱ་ཕྲུག་དག་བོད་ཀྱི་ས་མཐོའི་ཁོར་ཡུག་དང་འཕྲོད་པོ་བྱུང་ཡོད།
དཀའ་ཚེགས་ཡོད་ལ་དགེ་མཚན་ཡང་ཡོད་ཅིང་། ཀྲང་ཧུང་ལིན་གྱི་ངོས་ནས་བརྗོད་ན་བོད་ཀྱི་སྨུག་ཕྱིའི་འོད་ཆེ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་བ། མཁའ་རླུང་སྐམ་ཤས་ཆེ་བ་བཅས་ཀྱི་ཁོར་ཡུག་ནི་རང་བྱུང་གི་དུག་སེལ་ར་བ་ཞིག་དང་གཉིས་སུ་མེད། “ང་ཚོའི་སྒོ་ང་སོས་པར་ཧྲ་མོན་ཧྲི་འབུ་ཕྲ་སོགས་གནོད་ལྡན་འབུ་ཕྲའི་ཚོགས་མེད་ལ། ཞིབ་བཤེར་དམིགས་ཚད་ཁག་ཀྱང་ཁྲོམ་རར་འཚོང་བའི་སྒོ་ང་སོས་པ་གཞན་ལས་ལེགས་པ་ཡོད” ཐོན་ལས་གླིང་2021ལོར་འཁོར་སྐྱོད་བྱེད་འགོ་ཚུགས་པ་ནས་བཟུང་། ཐོག་མའི་བྱ་ཕྲུག་ཁྲི་7ནས་མིག་སྔར་སྒོ་ང་ཐོན་ཚད་མཐོ་བའི་བྱ་དེ་ཁྲི་100ལྷག་ཙམ་བར་མང་དུ་སོང་ཞིང་། དེ་དག་གིས་ཉིན་རེར་སྒོ་ང་སོས་པ་ཁྲི་80ལྷག་ཙམ་གཏོང་གི་ཡོད།
ཐོན་ལས་བོད་སྐྱོར་གྱིས་ས་གནས་དེར་ཉམས་མྱོང་དང་རྩལ་ནུས་ལྡན་པའི་རང་སའི་ཤེས་ལྡན་པ་གནས་ཐུབ་པར་བྱས་ཤིང་། ཐོན་ལས་གླིང་གིས་ས་གནས་དེ་གའི་ལས་མི་མི་ཉུང་བ་ཞིག་བསྡུས་ནས་ཞིང་འབྲོག་པ་142ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ཀྲང་ཧུང་ལིན་གྱིས་ད་དུང་ས་གནས་དེ་གའི་ལས་མི་30ལྷག་ཙམ་ཝུའུ་ཧན་དུ་སློབ་སྦྱོང་བྱེད་པར་མངགས་པ་དང་། ལོ་གསུམ་ལྷག་ཙམ་གྱི་རྩལ་ནུས་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱས་པ་བརྒྱུད། ལོ་དེ་དག་རིང་གཞོན་ནུ་དེ་དག་ལ་ལས་གཏོད་ཀྱི་རྨང་གཞི་ཅུང་ལེགས་པོ་ཞིག་ལྡན་ཡོད། “ང་ཚོས་ཁོ་ཚོར་ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་གཉེར་རྒྱུར་སྔར་བས་རོཌ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་ཀྲང་ཧུང་ལིན་གྱིས་བཤད།
ད་ལྟ་བོད་ཀྱི་སྒོ་ང་སོས་པ་རང་མཁོ་རང་སྤྲོད་བྱེད་ཚད་མང་དུ་ཤུགས་ཆེན་ཕྱིན་ནས་ཁྲོམ་རའི་ཐོག་སྒོ་ང་སོས་པའི་ཆ་སྙོམས་རིན་གོང་དེ་བས་ཁེ་རུ་སོང་བ་མ་ཟད། ཐ་ན་ཧུའུ་པེ་དང་ཧྥུའུ་ཅན་སོགས་ཀྱི་ཁྲོམ་རར་ཡང་འཚོང་ཐུབ་ཀྱི་ཡོད།