ལྷོ་བྲག་རྫོང་གིས།
སྲིད་ཇུས་བཟོས་ནས་ངལ་ནུས་གནས་སྒྱུར་ལས་ཞུགས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།
2024ལོ་ཚུན་དུ། ལྷོ་བྲག་རྫོང་དུ་མི་ཐེངས་ཁྲི་1.13གནས་སྒྱུར་ལས་ཞུགས་ཐུབ་པར་ཡོང་འབབ་སྒོར་ཁྲི་9445བྱུང་བ་དེ་དུས་མཚུངས་ལས་45.9%འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.53ལྷག་ཙམ་འཕར་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།
ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་ངལ་ནུས་ཐོན་ཁུངས་ཀྱི་མངོན་མེད་སྟོབས་ཤུགས་སྐུལ་སློང་བྱེད་ཆེད། 2024ལོར། ལྷོ་བྲག་རྫོང་གིས《ཞིང་འབྲོག་ཁུལ་གྱི་ངལ་ནུས་སྒྲིག་འཛུགས་ཅན་གྱི་གནས་སྒྱུར་ལས་ཞུགས་ལ་བྱ་དགའ་སྤྲོད་རྒྱུར་སྐུལ་མ་གཏོང་བའི་ལྷོ་བྲག་རྫོང་གི་ལག་བསྟར་ཇུས་གཞི》བཏོན་ཏེ། ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་ཡོང་འབབ་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ“གཉིས་ཕན”བྱུང་ཡོད། ལྷོ་བྲག་རྫོང་གིས་ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཞབས་ཞུའི་ལྟེ་གནས་དང་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ནས་བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད། “བྱ་དགའ་དང་ཁ་གསབ་སྤྲད་དེ་སྐུལ་ལྕག་དང་། རྩལ་ནུས་མཐོར་གཏོང་། ཞབས་ཞུ་འགན་ལེན”བཅས་ལ་དམིགས་ཏེ་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་ཆེད་དོན་མ་དངུལ་བཏང་སྟེ་ཕྱོགས་མང་པོ་ནས་ཁ་གསབ་སྤྲོད་རྒྱུའི་བྱ་དགའི་སྲིད་ཇུས་བཟོས་པ་རེད།
སྲིད་ཇུས་ལག་ལེན་བསྟར་བའི་བརྒྱུད་རིམ་ཁྲོད་གནད་སྨིན་ཤུགས་འདོན་བྱས་ཤིང་། ལྷོ་བྲག་རྫོང་གིས་སྤྱི་སྟེགས་ཨང་རྟགས་ཐོག་རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་འགྲེམས་སྤེལ་བྱས་པ་དང་། དྲ་ཕྱིར་མི་སྤྱི་དང་། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་ཀྱིས་མཉམ་དུ་་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་0.7ལྷག་ཙམ་ལ་ཁྱབ་ལ། རེ་ཞུ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ་ཐད་སྦྲེལ་ཁ་པར་བཀོད་སྒྲིག་དང་། སྔོན་ལ་མཛུབ་ཁྲིད། གཅིག་སྡུད་ཞབས་འདེགས་ཞུ་བ་བཅས་བྱས་ཤིང་། གྲོང་ཚོ་དང་། ཤང་། རྫོང་བཅས་རིམ་གསུམ་གྱིས་ཞིབ་དཔྱད་བྱས་ནས་མ་དངུལ་གྱི་བདེ་འཇགས་འགན་ལེན་བྱས་ཡོད། 2024ལོར་རིམ་རྩིས་བརྒྱབ་ན་མི་775ལ་བྱ་དགའི་དངུལ་སྒོར་ཁྲི་133.96ལྷག་ཙམ་སྤྲད་པ་རེད།