ལག་བདེ་པོས་གཡང་ཊི་བརྐོས་ཀྱིས་བརྒྱན། རྒྱན་བཟང་པོས་ས་མཐོའི་འཕེལ་རྒྱས་མངོན།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཆུ་ཤེལ་གཡང་ཊི་བཟོ་གྲྭའི་འཕོ་འགྱུར་སྐོར་བཀོད་པ།
བཙན་པོའི་བང་སོའི་འདབས་རོལ་དུ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གྲོང་དབེན་ཐིང་ངེར་ཆགས། རྡོ་གཡམ་གཅལ་དུ་བཏིང་པའི་རྐང་ཐང་ལམ་གྱི་ངོགས་སུ། སྣ་མང་ཚོང་ཁང་མཁའ་ལ་རྒྱུ་སྐར་ཤར་འདྲའི་དབུས་ན་བོད་བཟོའི་ཐོག་ཁང་ཆུང་ཆུང་ཞིག་མངོན་ཆུང་དུ་གནས། ཐོག་ཁང་གང་དེའི་སྒེའུ་ཁུང་གི་ཁྲ་མ་ནས་ཉི་འོད་གཡང་ཊིའི་ཕོར་པར་འཕྲོས་པས། འཇའ་རིས་ལ་སྐྱེངས་པ་སྟེར་བའི་འོད་མདངས་འཚེར།
ཚོང་ཁང་གི་དབུས་སུ་གཡང་ཊིའི་བརྐོས་མ་ཡུམ་བུ་བླ་སྒང་ཞིག་བསྒྲིགས་ཡོད་པ་དང་། ཐང་ཤ་དོད་པའི་བགྲེས་སོང་ཞིག་གིས་གཡང་ཊིའི་ཐོན་རྫས་དེར་གཟབ་གཟབ་གསིག་གསིག་གིས་བྱི་དོར་བྱེད་བཞིན་མཆིས། ཁོང་གི་སོར་རྩེས་འཇམ་ཤ་དོད་པའི་བརྐོས་རིས་ལ་བྱིལ་བྱིལ་བྱེད་པའི་ངང་ཚུལ་ནི་སྔར་སོང་གི་ལོ་རྒྱུས་དང་ཡུལ་དུས་ལས་འདས་པའི་གླེང་མོལ་བྱེད་དང་མཚུངས། ཚོང་ཁང་དང་བཟོ་གྲྭ་གཅིག་ལྕོགས་སུ་བྱས་པའི་ཁང་པ་དེའི་ནང་། ལོ་64ལ་བསླེབས་པའི་ཟླ་བ་ཚེ་རིང་གིས་མི་ལོ་40ཕར་ལ་བསྐྱལ། ཁོང་དང་གོར་མ་རྡོ་ལྷན་དུ་གཤིབ་པའི་མི་ཚེ་ནི་གསོན་ཉམས་དོད་པའི་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་དང་འདྲ་བར། གནས་འདིའི་རབ་བྱུང་གཅིག་གི་འཕོ་འགྱུར་རླབས་པོ་ཆེར་བདེན་དཔང་བྱས།
ལག་བཟོ་རྐྱང་པ་ནས་གློག་རླངས་ལས་སྣོན་བར་གྱི་འགྱུར་ལྡོག
འཕྱོངས་རྒྱས་ནི་ཆུ་ཤེལ་གྱི་ཕ་ས་ལྟ་བུ་ཡིན་པས། རྫོང་ཡོངས་ཀྱི་ས་ཕྱོགས་གང་སར་གནས་དེའི་མང་ཚོགས་ཚོས་གྲོག་རོང་དང་རི་འདབས་ནས་རྡོ་སྙིང་རྗེ་པོ་དེ་རིགས་སྒྲུག་པའི་རྣམ་པ་རྟག་ཏུ་མཐོང་རྒྱུ་ཡོད། དེས་མི་ཚད། འཕྱོངས་རྒྱས་རྫོང་ནས་གཡང་ཊི་ཡང་ཐོན་གྱི་ཡོད། འབྲེལ་ཡོད་ཡིག་ཆར་འཁོད་པར་ལྟར་ན། དེ་སྔོན་ཐང་པོ་ཆེ་དགོན་པའི་རི་འདབས་ནས་གཡང་ཊི་རྙེད་པ་མ་ཟད། དེ་ལས་བ་སོ་ལྟར་བཀྲག་ཆེ་བའི་ཇ་ཕོར་བཟོ་མྱོང་ཡོད་པ་རེད།
ཧ་གཉིད་གོ་བ་ནས་བཟུང་། ཟླ་བ་ཚེ་རིང་ཚོན་མདོག་རྣམ་པར་བཀྲ་ཞིང་། ཕྱི་གསལ་ནང་གསལ་གྱི་རྡོ་དེ་རིགས་ལ་དབྱིངས་རབ་ཏུ་ཞུགས་ཤིང་། ཨ་ཞང་བློ་བཟང་རྡོ་རྗེའི་ཤུགས་རྐྱེན་འོག ཁོང་གཡང་ཊི་ལས་སྣོན་བྱེད་པའི་ལག་ཤེས་དང་ལས་འགྲོའི་མདུད་པ་ཐེབས། ཁོང་གི་ཨ་ཞང་ནི་དེ་སྔོན་ཆུ་ཤེལ་གྱི་མིག་ཤེལ་བཟོ་མཁན་གྱི་ཁྲལ་པ་ཞིག་ཡིན་པ་དང་། ཟླ་བ་ཚེ་རིང་གི་ཕ་ཚ་བུ་རྒྱུད་ཀྱང་ལག་ཤེས་དེ་རྒྱུན་འཛིན་བྱས་ནས་ཁྲལ་དང་འུ་ལག་བརྒྱུགས་ཏེ་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད།
ཟླ་བ་ཚེ་རིང་གི་ཡིད་ལ་དུས་ད་ལྟ་ཡང་ཆུང་དུས་ཨ་ཞང་ལ་ཆུ་ཤེལ་རྡོར་རོགས་བྱས་པའི་སྣང་ཚུལ་གསལ་ཐིང་ངེར་འཆར་གྱི་ཡོད། “སྐབས་དེ་དུས། གོ་ཆོད་པའི་ལག་ཆ་མེད” ཟླ་བ་ཚེ་རིང་གིས་དེ་ལྟར་དྲན་གསོ་བྱེད་བཞིན་བརྗོད། ཨ་ཞང་གིས་ཆུ་ཤེལ་གྱི་མིག་ཤེལ་བཟོ་སྐབས་ཆུ་ཤེལ་བྲེག་པའི་ལག་ཆ་ནི་ཐག་སྐུད་ཅིག་ཡིན་པ་དང་། ཐག་སྐུད་ལ་ཆུ་དང་བྱེ་མ་བཤོས་ནས། ཡོད་ཚད་ལག་གཉིས་ལ་བརྟེན་ཏེ་མིག་ཤེལ་བཟོ་དགོས། ཆུ་ཤེལ་གྱི་མིག་ཤེལ་གཅིག་བཟོ་བར་རྒྱུན་དུ་དུས་ཡུན་ལོ་གཅིག་གཉིས་འགོར་གྱི་ཡོད། ཐོན་སྐྱེད་བྱེད་སྟངས་ཧ་ཅང་རྗེས་ལུས་ཡིན་སྟབས། ལས་ཕྱོད་ཀྱང་ཧ་ཅང་དམའ་པོ་རེད།
1979ལོར། སྒྱུར་བཅོས་ཀྱི་དཔྱིད་རླུང་ས་མཐོར་ལྡངས། ཟླ་བ་ཚེ་རིང་གིས་ཕ་ཡུལ་བྱང་ཤར་ནས་ཡིན་པའི་རྫོང་འཆར་དཔལ་ཨུ་ལྷན་གྱི་ལས་བྱེད་པ་ཞིག་གི་ངག་ནས།ལེའོ་ཉིང་ཞིང་ཆེན་དུ་གཡང་ཊི་རྐོ་བའི་སྔོན་ཐོན་གྱི་ལག་རྩལ་ཡོད་པར་ཤེས་ཏེ། ལོ་17ལ་བསླེབས་པའི་ཁོང་གིས་བློ་ཐག་གཙང་བཅད་ཀྱིས་དེ་གར་སློབ་སྦྱོང་བྱེད་པར་བསྐྱོད།
གཅུང་པོའི་རྒྱབ་སྐྱོར་འོག ཟླ་བ་ཚེ་རིང་གིས་ཕ་མས་བཞག་པའི་རྒྱན་ཆ་དང་། དེ་བཞིན་ཁྱིམ་གྱི་རྨོན་གླང་དང་འདྲུད་འཐེན་འཕྲུལ་འཁོར་བཙོངས་ནས། དངུལ་སྨར་སྒོར་3000ཨམ་ཕྲག་ཏུ་བཅུག་སྟེ་སློབ་གཉེར་གྱི་ལམ་ལ་ཆས། འཕྱོངས་རྒྱས་ནས་ཤིས་ཨན་དུ་སྐྱོད་པའི་ལམ་དུ། ལམ་ཞོར་མོ་ཊར་བསྡད་པ་དང་། འགྲུལ་སྐྱེལ་རླངས་འཁོར་བརྗེས་པ་སོགས་དཀའ་རྙོག་གྲངས་མེད་བརྒྱུད་པའི་ཁོང་གིས་འགྲུལ་བཞུད་དེར་ཡང་སྙིང་ཉིན་ག་ཚོད་འགོར་ཡོད་མེད་ཀྱང་མ་ཤེས། ཆུང་བྱིས་པའི་དུས་ཀྱི་རོགས་པ་ལིའུ་ཅན་མིན་ཁོང་བསུ་བར་སླེབས་སྐབས། ཐག་རིང་དུ་འགྲོ་མྱོང་ཡེ་ནས་མེད་པའི་ཟླ་བ་ཚེ་རིང་སེམས་འགུལ་ཚད་མེད་ཐེབས་ཏེ་དེ་མུར་ལིའུ་ཅན་མིན་ལ་འཐམས་ཤིང་། རང་དབང་མེད་པར་མིག་ཆུ་ཤོར།
ལིའུ་ཅན་མིན་གྱི་རོགས་རམ་འོག ཟླ་བ་ཚེ་རིང་དང་ཞིའུ་ཡན་གཡང་ཊི་བཟོ་གྲྭ་འབྲེལ་བ་ཐུབ་པ་དང་སྦྲགས། ཁོང་བྱང་ཤར་དུ་བདེ་བླག་ངང་འབྱོར། ལོ་གཅིག་གི་རིང་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གིས་ཆུ་ཤེལ་དང་གཡང་ཊི་ལས་སྣོན་གྱི་རྩ་བའི་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ད་དུང་གཡང་ཊི་ངོ་ཐག་གཅོད་སྟངས་དང་ཡག་ཉེས་ལྟ་སྟངས་ཀྱང་ཤེས། ལོག་ཁར། ཁོང་གི་དགེ་རྒན་ཝང་ལགས་ཀྱིས་ཁོང་ལ་གཡང་ཊི་ལས་སྣོན་བྱེད་པའི་འཕྲུལ་ཆས་ཆ་ཚང་གཅིག་སྟེར།
བཟོ་ཉེས་ངོས་རྩུབ་ནས་འཇམ་ཤ་དོད་པའི་བར་གྱི་འགྱུར་ལྡོག
1984ལོར། རྫོང་དཔལ་འབྱོར་འཆར་གཞི་ཨུ་ལྷན་གྱིས་སྒྲིག་འཛུགས་དང་ཁག་ཐེག་བྱས་པ་བརྒྱུད། ཟླ་བ་ཚེ་རིང་གིས་དངུལ་བུན་སྒོར་ཁྲི་12གཡར་ནས། འཕྱོངས་རྒྱས་རྫོང་ཆུ་ཤེལ་གཡང་ཊི་བཟོ་གྲྭ་བཙུགས།
རྫོང་དུ་ད་དུང་ལེའོ་ཉིང་དང་ཧེ་ལུང་ཅང་ནས་དགེ་རྒན་15གདན་དྲངས་ཏེ། བཟོ་པ་ཚོར་གཡང་རྟ་དང་། ལག་གདུབ། ཇ་ཕོར་སོགས་བཟོ་སྟངས་དམར་ཁྲིད་བྱས།
གློག་སྒུལ་འཕྲུལ་ཆས་ཀྱི་གློག་སྒོ་མནན་པ་དང་བསྟུན་ནས་རྣོ་དབལ་ཅན་གྱི་ལས་སྣོན་འཕྲུལ་འཁོར་གྱི་རྩེ་མོ་ལྡིར་སྒྲ་དང་བཅས་མགྱོགས་མྱུར་འཁོར། འཕྱོངས་རྒྱས་ཀྱི་ཆུ་ཤེལ་དང་གཡང་ཊིའི་ལས་སྣོན་གློག་རླངས་ཀྱི་དུས་རབས་སུ་བསླེབས། མི་རབས་ནས་མི་རབས་བརྒྱུད་པའི་ཆུ་ཤེལ་གྱི་མིག་ཤེལ་ལས་སྣོན་བྱེད་སྟངས་རྨང་གཞིར་བྱས་ཏེ། བཟོ་གྲྭའི་ནང་རྡོ་གཡམ་ལ་བརྐོས་རྒྱག་པ་དང་། གཡང་ཊིར་ལས་སྣོན་སྟབས་བདེ་བྱེད་འགོ་ཚུགས། བརྐོས་བརྒྱབ་པའི་རྡོ་གཡམ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁང་པའི་མཛེས་རྒྱན་དུ་གྱུར་པ་དང་། བབ་ཆགས་པའི་གཡང་ཊིའི་ཐོན་རྫས་དེ་དག་ཀྱང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧབ་ཐོབ་བརྒྱབ་ནས་ཉོས། དེ་ལས་ཟླ་བ་ཚེ་རིང་ལའང་མི་ཚེའི་ཡོང་འབབ་དང་པོ་རག
དུས་ཀྱི་འཁོར་ལོ་དུས་རབས་ཉི་ཤུའི་ལོ་རབས་90ཡི་དུས་དཀྱིལ་དུ་སླེབས་དུས། ཟླ་བ་ཚེ་རིང་གིས་རང་ཉིད་ཀྱི་ཐོན་རྫས་ཁྱེར་ནས་རྒྱལ་ས་པེ་ཅིང་དུ་བསྐྱོད། གནས་དེར། ཁོང་གིས་རང་ཉིད་ཀྱི་ཐོན་རྫས་དང་གྲོང་ཁྱེར་ཆེན་པོའི་ཐོན་རྫས་བར་གྱི་ཁྱད་པར་མཐོང་། རྒྱལ་ཡོངས་ས་གནས་ཁག་གི་གཡང་ཊིའི་ཐོན་རྫས་དང་བསྡུར་སྐབས། ཁོང་ཚོས་ཐོན་སྐྱེད་བྱས་པའི་གཡང་ཊིའི་ཐོན་རྫས་ནི་བཟོ་ལྟ་ཉེས་ཤིང་ཕྱི་ངོས་རྩུབ་ཤས་ཆེ་བར་སྣང་།
པེ་ཅིང་ནས་སློབ་སྦྱོང་བྱས་ཏེ་ལོག་ཡོང་རྗེས། ཟླ་བ་ཚེ་རིང་གིས་དེ་བས་སྤུས་ཀ་དག་ཅིང་ཁུངས་ཐུབ་པའི་གཡང་ཊིའི་བཟོ་རྩལ་ཐོན་རྫས་བཟོ་རྒྱུའི་བློ་ཐག་བཅད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཟླ་བ་ཚེ་རིང་གི་ཆུ་ཤེལ་དང་གཡང་ཊིའི་ཐོན་རྫས་སི་ཁྲོན་དང་། ཀོང་ཏུང་། པེ་ཅིང་སོགས་སུ་བྲིན་ཁ་རྒྱུག་པ་མ་ཟད། ད་དུང་བལ་པོར་ཡང་ཕྱིར་གཏོང་བྱས། དུས་སྐབས་དེར། 《འཕྱོངས་རྒྱས་གཡང་ཊི》ཞེས་པའི་བོད་སྐད་ཀྱི་གླུ་གཞས་ཤིག་གངས་ལྗོངས་ས་མཐོར་ས་ཁྱབ་རྡོ་ཁྱབ་བྱུང་ཡོད།
སྲོལ་རྒྱུན་རྣམ་པ་ནས་སྒེར་གྱི་ཁྱད་ཆོས་བར་གྱི་འགྱུར་ལྡོག
དུས་རབས་ཉེར་གཅིག་ཏུ་བསླེབས་རྗེས། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། ཟླ་བ་ཚེ་རིང་གིས་སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་ལ་བསྐྱར་དུ་གསར་གཏོད་བྱེད་དགོས་པ་རྫི་གསང་པོས་རྟོགས། བུ་མོའི་རྒྱབ་སྐྱོར་འོག ཁོང་གིས་གློག་ཀླད་ཇུས་འགོད་ཀྱི་འབྲེལ་ཡོད་ཤེས་བྱ་སྦྱངས་ཏེ། བཀྲ་ཤིས་རྟགས་བརྒྱད་དང་དེང་རབས་ཇུས་འགོད་འདུ་ཤེས་ཟུང་དུ་འབྲེལ་ནས། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་སྤྱོད་གོ་གཉིས་ལྡན་གྱི་གཡང་ཊིའི་རིག་གནས་བསམ་བཀོད་ཐོན་རྫས་རབ་དང་རིམ་པ་གསར་དུ་བཏོད། 2014ལོར། ཁོང་ཚོའི་གཡང་ཊིའི་གཡག་ལ“བོད་རང་སྐྱོང་ལྗོངས་ཡུལ་སྐོར་དྲན་རྟེན་འགྲན་བསྡུར་སྐབས་གཉིས་པར”ཟངས་ཀྱི་བྱ་དགའ་ཐོབ།
འཛད་སྤྱོད་པ་མི་འདྲ་བའི་དགོས་མཁོར་དམིགས་ནས། ཟླ་བ་ཚེ་རིང་གིས་ད་དུང་སྒེར་གྱི་ཁྱད་ཆོས་ཅན་གྱི་མངགས་བཟོའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཁོང་གི་བཟོ་གྲྭས་རྒྱུན་ཆད་མེད་པར་ཐོན་རྫས་ལ་ཞིབ་ཅིང་ཕྲ་བའི་དབྱེ་བ་ཕྱེ། བཟོ་གྲྭ་བཙུགས་ནས་ལོ་40ལྷག་ཙམ་སོང་རིང་། ཐོན་རྫས་ཀྱི་སྣ་ཁ་ཐོག་མའི་དུས་ཀྱི་སྣ་ཁ་8ནས་ད་ལྟ་སྣ་ཁ་380བར་མང་དུ་སོང་ཡོད།
2024ལོར། ཟླ་བ་ཚེ་རིང་ལ་འཕྱོངས་རྒྱས་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་སྤྲད་པ་དང་། ཆུ་ཤེལ་གཡང་ཊི་བཟོ་གྲྭ་ཡང་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་བཟོ་གྲྭར་གཏན་འཁེལ་བྱས་པས། ཁོང་གིས་བཟོ་གྲྭས་ལག་ཤེས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག མི་30ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས།
“རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པས། ང་ཚོས་བུ་རབས་ཚ་རྒྱུད་ཀྱི་ལྟོ་འཕྲོག་མི་ཉན” དཔལ་འབྱོར་གྱི་ཕན་འབྲས་དོན་དུ་གཉེར་བ་དང་ཆབས་ཅིག ཟླ་བ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཀྱི་དམར་ཐིག་བསྲུངས་ནས། རྒྱུ་ཆའི་ཡོང་ཁུངས་ལ་རྩད་ནན་པོ་གཅོད་ཀྱི་ཡོད་པས། ཁོང་གི་བཟོ་གྲྭར་བརྩོན་བསྲི་ཅན་གྱི་བཟོ་གྲྭའི་མཚན་སྙན་ཐེངས་མང་ཐོབ་པ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭར་ཡང་བདམས་པ་རེད།
ལོ་ངོ་60ཡི་རིང་། གནས་དེ་རྗེས་ལུས་ནས་སྒོ་དབྱེ་དང་། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་ཅིང་། ཁོང་གིས་ཀྱང་ཆུ་ལྒང་གིས་ཁེངས་པའི་ལག་ཟུང་ལ་བརྟེན་ནས། ཆུ་ཤེལ་དང་གཡང་ཊིའི་ངོས་སུ་རང་ཉིད་ལ་དབང་བའི་ངོ་མཚར་གྱི་མི་ཚེའི་ལོ་རྒྱུས་བརྐོས་པ་དང་སྦྲགས། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་པོ་བྱས། ད་ཆ། ཁོང་གིས་གོར་མ་རྡོ་ལ་བཅིངས་པའི་ལས་འགྲོའི་མདུད་པ་དེ་རང་ཉིད་ཀྱི་བུ་མོར་རྒྱུན་འཛིན་བྱེད་དུ་འཇུག་པའི་སྟ་གོན་བྱེད་བཞིན་ཡོད།