ཇ་ལོའི་དྲི་ཞིམ་ཕྱོགས་བཞིར་འཐུལ། ཡུལ་མི་ཕྱུག་འགྱུར་ལས་ལ་བྲེལ།
ཉིང་ཁྲིའི་དཔྱིད་ཇ་འཐུ་ཡུལ་གྱི་མི་ཁྲི་1.46ལ་འབབ་འཕར་བྱུང་བ།
མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་མུ་ལ་མུ་འབྲེལ་གྱི་ཇ་ཞིང་གི་ཇ་ལོ་སྔོ་ཐིང་ངེར་སྐྱེས་ཤིང་། ཇ་འདེབས་ཞིང་པ་ཚོས་སྐེད་པར་སྨྱུག་སླེལ་ཆུང་ཆུང་རེ་བཏགས་ནས་ཇ་ལོ་སོས་པ་འཐུ་བའི་ལས་ལ་བྲེལ་བཞིན་མཆིས།
“ད་ལོ་གནམ་གཤིས་ཡག་པོ་བསྟན་པས་ཇ་ལོ་སྐྱེ་འཚར་ཧ་ཅང་ཡག་པོ་བྱུང་སོང་། ཇ་ལོའི་སྤུས་ཀ་སྔོན་མ་ལས་ཡག་པ་འདུག”ཅེས་ཇ་འདེབས་ཞིང་པ་ཉི་མ་མཚོ་མོས་གད་མོ་འཚེར་འཚེར་ངང་བཤད། ཁོ་མོའི་སྨྱུག་སླེལ་ནང་གི་བཏུས་མ་ཐག་པའི་ཇ་ལོ་ལས་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོངས། གང་ཙམ་སོང་རྗེས་ཁོ་མོས་བཏུས་མ་ཐག་པའི་ཇ་ལོ་ཉེ་འགྲམ་གྱི་ཇ་ལོའི་ཁེ་ལས་ལ་འཚོང་རྒྱུ་ཡིན་ཞིང་། དཔྱིད་ཇ་རྒྱ་མ་རེར་སྒོར་50བྱས་ཏེ་ཉོ་གི་ཡོད་པས་སྔོན་དཔག་བྱས་ན་ཁོ་མོར་སྒོར་600ཡས་མས་རག་བཟོ་ཡོད་པ་རེད།
གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ཉིང་ཁྲི་གྲོང་ཁྱེར་གྱི་དཔྱིད་ཇར་ཐོན་འབབ་ཡག་པོ་བྱུང་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱོན་ཇ་ཞིང་མུའུ་ཁྲི་5.4བཏབ་པར་ཇ་འཐུ་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་3.86ཟིན་ཡོད། ད་ལོའི་ཟླ་3ཚེས་25ནས་ཟླ་6ཚེས་1ཉིན་བར་ནི་དཔྱིད་ཇ་འཐུ་དུས་ཡིན་ཞིང་། ཁྱོན་ཇ་ལོ་རྒྱ་མ་ཁྲི་64.66བཏུས་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་3685.62ཟིན་པ་དེ་དུས་མཚུངས་ལས་3.7%དང་13%སོ་སོར་འཕར་བ་དང་། དུད་ཚང་4300ལྷག་ཙམ་གྱི་ཞིང་འབྲོག་མང་ཚོགས་ཁྲི་1.46ལ་ཡོང་འབབ་སྒོར་ཁྲི་3835.67འཕར་ནས་འཕར་ཚད་14%ཟིན་ཡོད།
ཉི་མ་མཚོ་མོས་ཇ་ལོ་འཚོང་སའི་ཇ་ལོའི་ཁེ་ལས་ནི་བོད་ལྗོངས་ཉིང་ཁྲི་མེ་ཏོག་ཧྲེ་པའོ་ཇ་ལས་ཚད་ཡོད་ཀུང་སི་ཡིན་ཞིང་། “ད་ལོ་དཔྱིད་ཇ་རྒྱ་མ་ཁྲི་9.3ཉོས་པ་ལས་ས་གནས་དེ་གར་ཡོང་འབབ་སྒོར་ཁྲི་140ལྷག་ཙམ་བྱུང་ཡོད”ཅེས་ཀུང་སི་དེའི་ཏུང་ཧྲི་ཀྲང་ཁྲེན་ཁྲའོ་ཡིས་བརྗོད་པ་དང་། ཁོང་གིས། “དགྱེ་གླིང་གྲོང་ཚོའི་ཇ་རིའི་མཐའ་འཁོར་དུ་སྔོ་ཁེབས་ཁྱབ་ཚད་རྒྱ་ཆེ་བ་དང་། ས་རྒྱུའི་སྐྱེ་ལྡན་རྫས་ཀྱི་འདུས་ཚད་མཐོ་བ། སྦགས་བཙོག་གང་ཡང་མེད་པ་བཅས་ལས་དེ་ནས་ཐོན་པའི་ཇ་ལོའི་དྲི་མ་ཞིམ་ལ་བྲོ་བའང་ཆེན་པོ་འདུག རྗེས་སུ་ང་ཚོས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཇ་ལོ་དང་ཡུལ་སྐོར་གཞི་གཅིག་ཅན་བསྐྲུན་ནས་ཇ་འདེབས་ཞིང་པ་སྔར་ལས་མང་བར་ལས་ཀ་བྱེད་པར་སྐུལ་ཁྲིད་དང་ཡུལ་མི་སྔར་ལས་མང་བ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་བརྗོད།