དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • བོད་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡོན་ཆོན་དང་ཞུས་ཡུས་ཡའོ།   |     སྤེལ་དུས།  2025-06-10

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཁྲོམ་གཞུང་གི་ཚོང་ཁང་ཆུང་ཆུང་ཞིག་ཏུ་བོད་རིགས་ཕོ་གཞོན་བསོད་ནམས་ཆོས་འཕེལ་གྱིས་ནས་ཕྱེའི་མེན་པའོ་བཟོ་བཞིན་ཡོད་ཅིང་། ཁོང་གིས“ནས་ཀྱིས་ཟས་རིགས་སྣ་ཚོགས་བཟོ་ཐུབ་པ་དང་། མི་རྣམས་ཀྱིས་དགའ་ཤོས་བྱེད་པ་ནི་ཡོས་རེད”ཅེས་བཤད་པ་དང་། ཁོང་གི་རྒྱབ་ཏུ་ད་དུང་ནས་ལས་བཟོས་ཟས་རིགས་སྣ་ཚོགས་བསྒྲིགས་ཡོད།

    ཉེ་བའི་ལོ་གཉིས་རིང་། རྒྱལ་རྩེ་རྫོང་གིས་ནས་ལས་སྣོན་ཞིབ་ཚགས་སྒོས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། སྲོལ་རྒྱུན་གྱི་བག་ལེབ་དང་། ནས་ཕྱེའི་ཐུག་པ། ནས་ཆང་། ཡོས་བཅས་ནས་རྫས་བརྒྱད་ཐུག་པ་དང་། མེན་པའོ། ཏན་ཞིམ་སོགས་སྣ་ཁ་གསར་པ་བཟོས་ཏེ་ནས་ཀྱི་ཐོན་ལས་རིམ་བཞིན་ས་གནས་དེ་གའི་རྫོང་སྟོབས་ཆེན་དང་དམངས་ཕྱུག་གི་ཀ་རྟེན་ཐོན་ལས་སུ་འཕེལ་རྒྱས་བཏང་བ་རེད། 2024ལོར། རྒྱལ་རྩེ་རྫོང་གི་ནས་ཀྱི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.48ཟིན་ཏེ་དུས་མཚུངས་ལས་66%འཕར་ཡོད།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“བོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་བསྟན་གནང་ཡོད།

    བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2024ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ནས་དུས་མཚུངས་ལས་8.3%འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད།

    ཐོན་ལས་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ལས་སྣོན་ཞིབ་ཚགས་བྱས་པའི་ར་མོ་ཤག་ཆེན་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་སྟར་ཁའི་སྣུམ་སོགས་ཀྱི་ཐོན་རྫས་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་སོགས་བོད་ཀྱི་ས་གནས་ཁག་གི་ཞིང་ལས་ཐོན་རྫས་རྣམ་པ་གསར་རྐྱང་གི་ཐོག་ནས་ས་མཐོ་ནས་བྲལ་ཏེ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཞུགས་བཞིན་ཡོད།

    མེ་ཏོག་རྫོང་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མཇུག་ཤོས་ཀྱི་རྫོང་དེ་ཡིན་ཞིང་། ད་ཆ་ཇའི་ཐོན་ལས་ཀྱི་དྲི་ཞིམ་གང་སར་ཁྱབ་ཡོད། འདེབས་འཛུགས་ཐད། ཇ་ཞིང་103བསྐྲུན་པ་དེ་ཤང་དང་གྲོང་རྡལ་6དང་སྒྲིག་ཁོངས་གྲོང་ཚོ་39ལ་ཁྱབ་པ་དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.9ཟིན་ཡོད། ལས་སྣོན་ཐད། ཇ་ལོ་ལས་སྣོན་བཟོ་གྲྭ་11དང་ཐོན་སྐྱེད་ཐུམ་སྒྲིལ་རྒྱག་ས་22སོགས་ད་ཡོད་སྒྲིག་ཆས་ཀྱིས་ཉིན་རེར་ཇ་ལོ་རྒྱ་མ་ཁྲི་4ཡས་མས་ཐོན་སྐྱེད་ཐུབ་ཀྱི་ཡོད། འཁོར་རྒྱུག་ཐད། ལྷ་ས་དང་ཁྲེང་ཏུའུ་སོགས་སུ་མེ་ཏོག་ནས་ཐོན་པའི་ཇ་ལོ་ཕྱིར་འཚོང་བྱེད་ས་རིམ་བཞིན་མང་དུ་འགྲོ་གི་ཡོད། 

    ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥུའུ་ཡུང་པོ་ཡིས“‘ཇ་ལོ་ཡག་པོ་འདེབས་པ’ནས‘ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི’བར་མེ་ཏོག་གི་ཇའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ཡོད”ཅེས་བཤད།

    ཚན་རྩལ་འདུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། བོད་ཀྱིས་ནས་དང་། འབྲི་གཡག གཟན་རྩྭ་བཅས་ཐོན་ལས་ལག་རྩལ་མ་ལག་གསུམ་བཙུགས་ནས་ཚན་ཞིབ་འགག་སྒྲོལ་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། 2024ལོར་བོད་ཀྱིས་ཚན་རྩལ་ཆེད་མངགས་པ་10656བདམས་ནས་ཞིང་འབྲོག་ལས་ཀྱི་སྔོན་ཐོན་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་དང་། བྱེད་སྒོ་ཐེངས་ཁྲི་4ལྷག་ཙམ་སྤེལ་བ། མང་ཚོགས་མི་ཐེངས་ཁྲི་33ལ་ཞབས་འདེགས་ཞུས་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    མི་དམངས་ལ་ཕན་པ་སྐྲུན་ཚད་རྒྱུན་མཐུད་ཆེ་རུ་བཏང་བ།

    ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་བོད་ལྗོངས་སྦྲང་ནོར་བུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གསོ་ཚགས་ཀྱི་སྤྱི་ཁྱབ་འགན་འཁུར་བ་ཕུར་བུ་བསྟན་འཛིན་གྱིས་སྦྲང་ནོར་བུ་གསོ་མཁན་ཁ་ཤས་ཁྲིད་དེ། སྟར་དུ་བསྒྲིགས་པའི་སྦྲང་སྒམ་གྱི་མདུན་དུ་བསྐྱོད་ནས་ཁོང་ཚོར་སྦྲང་རྩི་ལེན་སྟངས་བསླབས་ཤིང་། “ང་ཚོས་ཞིང་པ་དུད་ཚང་6200ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1400ཙམ་བྱུང་ཡོད”ཅེས་ཕུར་བུ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མིག་སྔར་ཀུང་སིའི་སྦྲང་སྒམ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་རྫོང་དང་ཆུས་10རུ་ཁྱབ་ཡོད་ཅེས་བཤད།

    ད་ཆ། འདི་ལྟ་བུའི་དམངས་ཕན་འབབ་འཕར་གྱི་རྣམ་གྲངས་ཡག་པོ་དེ་བས་མང་བ་ས་མཐོར་ཁྱབ་ནས་ཕན་འབྲས་འཐོན་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལག་ལེན་བསྟར་ནས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་དམིཌ་ཚད་མངོན་འགྱུར་བྱེད་ཀྱི་ཡོད། 2024ལོ་ཚུན་དུ། རྣམ་གྲངས་འདི་ལས་ས་གནས་དེ་གའི་མང་ཚོགས་ལ་སྐུལ་ཁྲིད་ཐུབ་ནས་ཡོང་འབབ་སྒོར་ཁྲི་5726བྱུང་ཡོད།

    བོད་ཀྱིས་རྣམ་གྲངས་སྐུལ་སྤེལ་དང་ལས་ཞུགས་སྐུལ་ཁྲིད་སོགས་བརྒྱུད། འབབ་འཕར་གྱི་གཏིང་ཤུགས་བསྔོགས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བཞིན་ཡོད།

    2024ལོར། བོད་ཀྱི་དབུལ་སྒྲོལ་མི་འབོར་ལ་མཚོན་ན། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་12.5%ཡན་འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།