དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཁྱིམ་གཞིས་མཉམ་སྐྲུན་བྱས། རྣམ་པ་གསར་པ་བཏོད།

    ​ནག་ཆུ་གྲོང་ཁྱེར་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་བསྡུས་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    འདི་ནི་ལྷ་རི་རྫོང་གྲོང་གི་ཟུར་ཞིག་ཡིན་པ།

    འདི་ནི་དཔྱིད་ཟླའི་ནམ་དུས་ཀྱི་ལྷ་རི་རྫོང་སྙེའུ་ཤང་གི་རྣམ་པ་ཡིན་པ།

    འདི་ནི་ལྷ་རི་རྫོང་སྙེའུ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན་རིང་། ཡུལ་སྐོར་བས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉོ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་མཐོ་གྲང་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་དམིཌ་ནས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད་ཀྱི”བྱེད་སྒོ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། འབྲོག་པ་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་བྱང་རྩྭ་ཐང་ནས་རིམ་བཞིན་མངོན་བཞིན་མཆིས།

    ◆ ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

    ཤན་རྩ་གྲོང་རྡལ་བྲག་ལུང་མདོ་གྲོང་ཚོ་ནི་ཤན་རྩ་རྫོང་གི་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གཅིག་པུ་དེ་ཡིན་ཞིང་། བྲག་ལུང་མདོ་གྲོང་ཚོར་ཐོན་ལས་འཕེལ་རྒྱས་གཏོང་བར་འགྲན་སློང་མང་པོ་འཕྲད་པ་སྟེ། ས་ཞིང་ཐོན་ཁུངས་མང་པོ་མེད་པ་དང་། ཐུན་མོང་དཔལ་འབྱོར་གྱི་རྨང་གཞི་ཞན་པ། ཡུལ་མིར་འཕེལ་རྒྱས་ཀྱི་གདེང་ཚོད་མེད་པ་བཅས་རེད། དེར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཇུས་འགོད་ནན་ཏན་བྱས་ནས་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་སྟེ།“དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་། གནས་སྤོས་མང་ཚོགས། ཐོན་ལས་ཆེན་པོ”བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་འཕེལ་རྒྱས་གཏོང་སྟངས་སྤྱད་ནས། ཐོན་ལས་འཕེལ་རྒྱས་དང་མཉམ་ལས་རྩ་འཛུགས་འཁོར་སྐྱོད་ཀྱི་ཁེ་སྤོགས་ཀྱིས་གནས་སྤོས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་འགན་ལེན་བྱས་པ་རེད།

    ན་ནིང་ཟླ་5པར་བྲག་ལུང་མདོ་གྲོང་ཚོར་མཉམ་ལས་ཁང་བཙུགས་པར་མིག་སྔར་སྒོ་རྩིས་ཚོང་ཁང་དང་། མོག་མོག་ཚོང་ཁང་། འཚེམ་བཟོ་ཁང་། མགྲོན་ཁང་སོགས་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་181ཚང་མས་དངུལ་སྨར་མ་རྐང་འཇོག་སྟངས་ལ་བརྟེན་ནས་མཉམ་ལས་རྩ་འཛུགས་ནང་ཞུགས་ནས་མ་རྐང་གི་མ་དངུལ་སྒོར་ཁྲི་51.27ཟིན་ཡོད། 2024ལོའི་ཟླ་10པ་ཁོ་ནར་དུད་ཚང་ཁག་ལ་ཁེ་སྤོགས་སྒོར་ཁྲི་1.81བརྒྱབ་པ་རེད།

    ནག་ཆུ་གྲོང་ཁྱེར་དུ་མཉམ་ལས་གཉེར་སྐྱོང་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཡོང་འབབ་འཕར་ནས་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་དཔེ་མཚོན་མང་པོ་ཐོན་ཞིང་། 2024ལོར་ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་འབྲོག་་ར་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་པ་དང་ཚད་གཞི་མཐོ་པོས་ཁྱད་ལྡན་འབྲོག་ལས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེང་རབས་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བས། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3སྐྱེད་སྲིང་དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་25དང་དཔེ་སྟོན་ཁྱིམ་ཚང་འབྲོག་ར་25འོས་འདེམས་བྱས་པ། འབྲོག་དུད་ཆེ་གྲས་དང་ཁྱིམ་ཚང་འབྲོག་ར་7873ངོས་འཛིན་ཁས་ལེན་བྱས་པ། རིགས་མི་འདྲ་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1600ལྷག་ཙམ་འཕེལ་རྒྱས་བཏང་བ་བཅས་རེད།

    ◆ སྐྱེ་ཁམས་གནས་འཕྲོད་ལ་བརྟེན་ནས་མཛེས་མཐུན་གྱི་རྣམ་པ་བཏོད་པ།

    སེར་ཏིང་གྲོང་ཚོ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གྲོང་དང་བར་ཐག་སྤྱི་ལེ་2ཙམ་ལས་མེད་ཀྱང་སྔོན་མའི་སེར་ཏིང་གྲོང་ཚོའི་རྣམ་པ་དེ་ཙམ་ཡག་པོ་མེད།

    ལྷ་རི་རྫོང་སེར་ཏིང་གྲོང་ཚོའི་གྲོང་མི་ཚེ་རིང་རྡོ་རྗེས།“སྔོན་མ་གྲོང་མིའི་ཁང་པའི་ཐོག་དཔང་དམའ་ལ་བཞའ་ཚན་ཆེ་བ་མ་ཟད། འཐུང་ཆུ་ཡང་དཀོན་པས། ཐག་རིང་གི་ཁྲོན་པར་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ང་ཚོའི་གྲོང་ཚོར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་ཡོངས་སུ་ཁྱབ་་པས། དམངས་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་ཡོད”ཅེས་བཤད།

    དེ་དང་ཆབས་ཅིག གྲོང་ཚོའི་ནང་གི་གཞུང་ལམ་ཨ་མ་དང་ཡན་ལག་ཚང་མར་སྣུམ་ནག་ལམ་བཏིང་བ་མ་ཟད། ཉི་ནུས་ལམ་སྒྲོན་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁུལ། སྤྱི་པའི་གསང་སྤྱོད། སྤྱི་པའི་རླངས་འཁོར་འཇོག་ས་སོགས་ཞོར་གཏོགས་སྒྲིག་བཀོད་གང་དགོས་ཅི་འཛོམས་ཡོད་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བར་མཛེས་མཐུན་གྲོང་གསེབ་རྣམ་གྲངས་26ལ་སྐུལ་འདེད་བཏང་ནས། དུད་ཚང་3900ལྷག་ཙམ་གྱི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་བྱས་པ་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་9ལག་བསྟར་བྱས་པས། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    ◆ ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་དར་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    གྲོང་གསེབ་དར་རྒྱས་ཡོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ཞིང་འབྲོག་ཁུལ་གྱི་ལས་དོན་ཡོངས་དང་འཐབ་འཛིང་ནུས་པའི་རྨང་གཞི་རེད།

    སྙན་རོང་རྫོང་གིས“འབྲོག་ཁུལ་ཆེན་པོ་དང་གྲོང་རྡལ་ཆུང་ངུའི་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད”ཀྱི་ཚོད་ལྟའི་ལས་དོན་ཁྱབ་གདལ་ཤུགས་ཆེན་བཏང་ནས། མཉམ་འབྲེལ་གྲོང་ཚོ་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ཞིང་། 2025ལོར་སྙན་རོང་རྫོང་ཉི་མ་ཤང་གིས“ཏང་འཛུགས་སྐྱོང་གིས་འབབ་འཕར་ལ་སྐུལ་འདེད་དང་མཉམ་འབྲེལ་གྲོང་ཚོ་ཐུན་མོང་འཕེལ་རྒྱས་གཏོང་བའི—མཉམ་འབྲེལ་གྲོང་ཚོ་ཏང་ཨུད་ཀྱི་དཔལ་འབྱོར་མཉམ་ལས་ཁང་ཁག་གི་བགོ་འགྲེམས་རྒྱག་པའི་མཛད་སྒོ”འཚོགས་པ་རེད། ད་ཐེངས་ཀྱི་བགོ་འགྲེམས་རྒྱག་པའི་བྱེད་སྒོར་ཁྱོན་ལས་བྱེད་པ་དང་མང་ཚོགས་1100ལྷག་ཙམ་ཞུགས་པ་དང་བྱ་དགའ་ཁྱོན་28བཀོད་སྒྲིག་བྱས་ནས་མི་340ལྷག་ཙམ་ལ་བགོ་འགྲེམས་དངུལ་འབོར་སྒོར་ཁྲི་695རག་པ་རེད།

    2024ལོར་ནག་ཆུ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་གནད་འགག་འདིར་དམ་འཛིན་ནན་པོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བདེ་སྡུག་མཉམ་མྱོང་དང་ཤ་རུས་གཅིག་འདྲེས་ཡོང་བར་བྱས་པ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། རྩ་འཛུགས་ནུས་པ། འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས“མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་དང་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར”གྱི་འབད་བརྩོན་རུ་ཁག་1300ལྷག་ཙམ་བཙུགས་ཏེ། ཕུལ་བྱུང་གི་འབད་བརྩོན་རུ་མི་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པར་ཧུར་བརྩོན་དང་རང་འགུལ་ངང་འདུ་ཤེས་ལ་འགྱུར་ལྡོག་དང་། བཅོས་སྐྱོང་ནང་ཞུགས་པ། རྩལ་ནུས་མཐོར་གཏོང་། འབབ་འཕར་ཕྱུག་འགྱུར་བཅས་ཡོང་བར་སྐུལ་ཁྲིད་བྱས་ནས། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།