ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་གིས་རྒྱུད་བཟང་ལུག་ཐུག་སྤྲད་ནས་དམངས་ཕྱུག་འབབ་འཕར་གྱི་སྙན་དབྱངས་དཀྲོལ་བ།
འདི་ནི་ཨ་དབང་ཤང་གི་ལུག་ཐུག་སྤྲོད་སར་འབྲོག་པ་ཚོས་དགའ་ཚོར་ཆེན་པོས་ལུག་ཐུག་རྩིས་ལེན་བཞིན་པ།
ཉེ་ཆར། རེ་བ་དང་དགའ་བས་བཏམས་པའི་ལུག་ཐུག་སྤྲོད་པའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་དུ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། “ལུག་ཐུག་སྤྲོད་པའི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པ་དེ་ནི་ཨ་དབང་ཤང་དུ་བཅའ་སྡོད་བྱས་པའི་ཆབ་མདོ་གྲོང་ཁྱེར་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་གྲོང་སྡོད་ལས་བྱེད་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་རེད། ཁོང་ཚོས་ཕྱུགས་ལས་འཕེལ་རྒྱས་ལ་རེ་བ་གསར་པ་སྦྱིན་བྱུང”ཞེས་བྱེད་སྒོར་ཞུགས་མཁན་ཨ་དབང་ཤང་གི་འབྲེལ་ཡོད་འགན་འཁུར་བས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་གྲོང་སྡོད་ལས་བྱེད་པ་ན་ནིང་ཟླ་5པར་ཨ་དབང་ཤང་བཅིངས་འགྲོལ་གྲོང་ཚོ་དང་། ལ་མགོ་གྲོང་ཚོ། ཏུང་ཆིངས་གྲོང་ཚོ། མོ་ལུང་གྲོང་ཚོ་བཅས་སུ་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་ཚུན་དུ། མངགས་གཏོང་ཚན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཨ་དབང་ཤང་གི་ཨ་དབང་ལུག་གི་འཕེལ་ཁ་དང་སྐྱེ་འཕེལ་སོགས་ཀྱི་གནད་དོན་ལ་དམིགས་ནས་རྒྱུད་བཟང་ཁྱབ་གདལ་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་རེད། དེ་ལྟར་ས་ཆ་གང་སར་བསྐྱོད་མཐར་ཨ་དབང་ཤང་གི་མང་ཚོགས་ལ་རྒྱུད་བཟང་ལུག་ཐུག་160རག་པ་རེད།
ད་ཐེངས་ཨ་དབང་ཤང་གི་མང་ཚོགས་ལ་སྤྲད་པའི་ཨ་དབང་ལུག་160ཚང་མ་ཆབ་མདོ་གྲོང་ཁྱེར་ཅོར་གཞུང་འབྲོག་རའི་རྒྱུད་བཟང་ཨ་དབང་ལུག་ཐུག་ཤ་སྟག་ཡིན་ཞིང་། ཁྱོན་བསྡོམས་རིན་ཐང་སྒོར་ཁྲི་56ཟིན་གྱི་ཡོད་པ་རེད།
ལུག་ཐུག་སྤྲོད་སར་སྐྱོད་སྐབས་གྲོང་སྡོད་ལས་བྱེད་པ་འགའ་ཞིག་གིས་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཡུལ་མི་ཚོར་བང་ཡག་པོ་བསྒྲིགས་ཏེ་ལུག་ཐུག་ལེན་དུ་བཅུག་པ་དང་། ཡུལ་མི་ཚོའི་གདོང་ནས་འཛུམ་མདངས་འཕྱུར་ཞིང་སེམས་འགུལ་ཚད་མེད་ཐེབས་ཀྱིན་བང་རིམ་བཞིན་ལུག་ཐུག་རྩིས་བླངས་པ་རེད།
གོ་འཇོ་རྫོང་ཨ་དབང་ཤང་མོ་ལུང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ལི་ཞའོ་ཧྥེན་གྱིས། “ད་ཐེངས་རྒྱུད་བཟང་ལུག་ཐུག་སྤྲད་པ་ལས་ཨ་དབང་ཤང་ཨ་དབང་ལུག་གི་སྤུས་ཀ་ལེགས་སུ་ཕྱིན་ནས་ཨ་དབང་ལུག་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་སྒོ་ནས་གསོ་ཚགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད།
དེ་ནི་ལུག་ཐུག་སྤྲོད་པའི་བྱེད་སྒོ་སྟབས་བདེ་ཙམ་ཞིག་མིན་པར་འབྱུང་འགྱུར་ལ་རེ་བ་སྦྱིན་པ་ཞིག་དེ་བས་ཀྱང་རེད། ལུག་ཐུག་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་བསྟུན་ནས་ཨ་དབང་ཤང་དུ་བཅའ་སྡོད་བྱས་པའི་གྲོང་ཁྱེར་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་གྲོང་སྡོད་ལས་བྱེད་པ་ཚོའི་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཕྱོགས་དེ་བས་ཁ་གསལ་དུ་སོང་བ་སྟེ། མུ་མཐུད་འབད་བརྩོན་བྱས་ནས་སྦྱངས་པའི་ཤེས་བྱ་དང་རྔུལ་ཆུ་ཨ་དབང་ས་གཞི་ཆེན་པོར་བཏོན་ནས། “གཞན་བརྟེན”དང“རང་བརྟེན”གལ་ཆེ་མཉམ་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་དང་དབུལ་སྒྲོལ་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། ཨ་དབང་ཤང་གི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།