དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ།

    “ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོར”འཕེལ་རྒྱས་ཀྱི་བཀྲག་མདངས་རབ་ཏུ་འཚེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-05-18

    ཟླ་4པར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཁམ་སྡོང་ལྡུམ་ར་མུའུ་278ལ་མེ་ཏོག་རབ་ཏུ་བཞད་པ་དང་། ཡུལ་སྐོར་བ་མང་པོ་གྲོང་ཚོའི་ཁམ་བུའི་ལྡུམ་རའི་མཛེས་ལྗོངས་ཁུལ་དུ་ཡོང་ནས་མེ་ཏོག་ལ་ལྟ་བ་དང་པར་རྒྱག་བཞིན་ཡོད།

    ཡུལ་སྐོར་བ་དང་མཉམ་དུ་སྐྱོད་སྐབས། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ལོ་20ལྷག་ཙམ་གོང་ཡུལ་མི་ཚོས་ཁམ་སྡོང་གིས་རྨོ་ཞིང་ལ་འགོག་རྐྱེན་བཟོ་གི་འདུག་སྙམ་ནས་གྲོང་ཚོ་ཡོངས་ཀྱི་ཁམ་སྡོང་རྩ་བཀོག་གཏོང་རྒྱུའི་རེ་བ་བཏོན་པར་བློ་རྩ་བརྟན་པོས་བཀག་འགོག་བྱས་ཡོད། ཁོང་གིས“ཁམ་སྡོང་འདི་དག་གཅོད་སླ་པོ་ཡོད་རུང་སླར་ཡང་སྐྱེ་འཚར་ཡོང་ཁག་པོ་ཡོད”ཅེས་བརྗོད།  སྤེན་པས་ཁམ་སྡོང་འདི་དག་ནི་རང་བྱུང་ཁམས་ཆེན་པོས་མིའི་རིགས་ལ་གསོལ་རས་གནང་བ་ཞིག་ཡིན། འོན་ཀྱང་ཇི་ལྟར་བྱས་ན་ད་གཟོད་དེ་དག་གི་ཕན་འབྲས་འདོན་སྤེལ་བྱེད་པའི་སྐོར་ལ་བསམ་བློ་ཡང་ཡང་གཏོང་འགོ་ཚུགས། ཀ་ལ་གྲོང་ཚོ་ནི་ཉིང་ཁྲིའི་གྲོང་འདབས་སུ་ཆགས་པ་དང་རྒྱལ་ལམ་318དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། སྤེན་པས“གྲོང་འདབས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་ཚོད་ལྟ་བྱེད་ཀྱི་ཡིན”ཞེས་བརྗོད། གྲོང་ཚོས་གྲོང་ཁྱེར་གྱི་གྲོང་མིའི་ཡུལ་སྐོར་ཁྱུ་ཚོགས་ལ་དམིགས་ནས། ས་ཁོད་སྙོམས་པ་དང་ཤིང་སྡོང་ལ་ཡལ་བཞུར་རྒྱག་པ་ནས་འགོ་བརྩམས་པ་མ་ཟད། ད་དུང་སིལ་ཟས་ཁྲོམ་བཀྱག་ཁ་ཤས་ཀྱང་བཙུགས་པས། ཀ་ལ་གྲོང་ཚོ་དེ་ཉིད་ཉིང་ཁྲིའི་གྲོང་མིས་ཧ་ཅང་དགའ་པོ་བྱེད་པའི་གྲོང་འདབས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    2014ལོར་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཀ་ལ་གྲོང་ཚོས་གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་བྱེད་འགོ་ཚུགས་ནས་རྨང་གཞིའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་ཁམ་སྡོང་གཅིག་གྱུར་གཉེར་སྐྱོང་བྱས་ཏེ“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་མཛེས་ལྗོངས་གཞི་གཅིག”གི་བསམ་ཕྱོགས་ལ་བརྟེན་ནས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་བཏོད་ཡོད། དེ་རྗེས་ཁམ་བུའི་མེ་ཏོག་དུས་ཆེན་ལོ་རེ་བཞིན་འཁྲུག་ཏུ་ཕྱིན་པ་སྟེ། ཀ་ལ་གྲོང་ཚོའི་བྱེད་སྒོ་ཞིག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གལ་ཆེན་ཞིག་ལ་རིམ་བཞིན་རིམ་སྤོར་བྱུང་བ་མ་ཟད། ཀ་ལ་གྲོང་ཚོ་ཡང་མིང་དོན་མཚུངས་པའི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོར”གྱུར་ཡོད།

    “ཁམ་སྡོང་འདི་དག་ལས་གྲོང་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད། ང་ཚོས་ཀྱང་འདི་ནི‘སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ས’ཞིག་ཡིན་པ་ཚོར་བྱུང”ཞེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་བརྗོད་པ་དང་། ཁོང་གིས། ཀ་ལ་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་གི་བྱ་ཐབས་ནན་པོ་ལག་བསྟར་བྱས་ནས། སྐྱེ་ཁམས་ཀྱི་དམར་ཐིག་དབྱེ་མཚམས་བཅད་ནས་ཤིང་གང་བྱུང་དུ་གཅོད་རྒྱུ་གཏན་འགོག་བྱས་པས། རི་སྐྱེས་ཁམ་སྡོང་1200ལྷག་ཙམ་སྲུང་སྐྱོང་ཞིབ་ཚགས་ཐུབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།