རང་ལྗོངས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ“སྣེ་གཅིག་ཁུལ་གསུམ་ཡུག་མང་གནས་མང”བཅས་ཀྱི་གྲངས་འཛིན་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ཇུས་འགོད་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། དེའི་ནང་ལྗོངས་ནང་ཁུལ་གྱི་ལས་སྟེགས་ཀྱིས་ཅིང་ཏུང་དང་ཐའོ་པའོ་སོགས་ཉོ་སྒྲུབ་ལས་སྟེགས་དང་འབྲེལ་མཐུད་བྱས་པ་བརྒྱུད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཞིང་། མིག་སྔར་སྤུས་ལེགས་མཁོ་སྤྲོད་ཚོང་པ་471བདེ་བླག་ངང་ཉོ་སྒྲུབ་ལས་སྟེགས་སུ་ཞུགས་པ་དང་རིམ་རྩིས་བརྒྱབ་ན་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་2473དྲ་ཐོག་ཏུ་བཙོངས་པས་ཡོང་འབབ་སྒོར་དུང་ཕྱུར་1.18བྱུང་ཡོད།
གྲངས་འཛིན་གྱི་གཞི་གདན་སྟོབས་ཆེར་བཏང་ཞིང་། རང་ལྗོངས་ཀྱིས་ཞིང་འབྲོག་སྤྲིན་ཚོམ་ལས་སྟེགས་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་གཅིག་གྱུར་གྱི་གྲངས་གཞིའི་མཛོད་ཧུར་ཐག་བཙུགས་ནས“བོད་ལྗོངས་ཞིང་འབྲོག”གི་ལག་ཐོགས་ཁ་པར་གྱི་APPབཀོལ་སྤྱོད་མཐའ་སྣེ་གསར་སྤེལ་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་གྲངས་གཞིའི“པར་རིས་གཅིག”བཟོས་ཡོད།
གྲོང་གསེབ་ས་ཆའི(རྨོ་ཞིང)འགན་གཙང་དབང་ཆའི་དོ་དམ་ལས་སྟེགས་དང་། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཁུངས་འདེད་ལས་སྟེགས། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རིག་ལྡན་ལྟ་འདོམས་ལས་སྟེགས་བཅས་བཙུགས་པས། ལས་སྒོའི་དོ་དམ་སྤྱིར་ན་ལྗོངས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། 2021ལོ་ནས་བཟུང་རང་ལྗོངས་ཀྱིས་བོད་ཀྱི་ཕྱུགས་ཟོག་དབོར་འདྲེན་ཐོ་འགོད་མ་ལག་དང་ཚད་ལྡན་གསུམ་གཅིག་སྒྲིལ་གྱི་ཁུངས་འདེད་མ་ལག་སྤྱོད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། བོད་ཀྱི་ཕྱུགས་ཟོག་དབོར་འདྲེན་ཐོ་འགོད་མ་ལག་གིས་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་ཀྱི་ཚད་ལོན་ལག་ཁྱེར(ལག་ཁྱེར་B)ཤོག་མེད་རྣམ་པའི་ཐོག་ནས་འདོན་པའི་ཚོད་ལྟའི་ལས་དོན་དེ། ཞིང་ལས་དང་གྲོང་གསེབ་པུའི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་གི་དཔྱད་ཞིབ་ཁྲོད་ཕུལ་བྱུང་རིམ་པར་བདམས་པ་དང་ཚོད་ལྟའི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ལས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དང་། བོད་ཀྱི་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེ་མོའི་ལག་ལེན་དང་བཀོལ་སྤྱོད་ཀྱི་དཔེ་མཚོན་གཉིས་2023ལོའི་རྒྱལ་ཡོངས་ཀྱི་རིག་ལྡན་ཞིང་ལས་འཛུགས་སྐྲུན་གྱི་ཕུལ་བྱུང་དཔེ་མཚོན་དུ་བདེ་བླག་ངང་ཚུད་ཡོད་པ་རེད། འདམ་གཞུང་རྫོང་དང་། བསམ་གྲུབ་རྩེ་ཆུས། སྙེ་མོ་རྫོང་བཅས་3གྱི“དྲ་སྦྲེལ+”ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་འདྲེན་པའི་ཚོད་ལྟའི་རྫོང(ཆུས)ཚང་མར་རྒྱལ་ཁབ་རིམ་པའམ་ཡང་ན་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་འཛུགས་གཏོད་ཀྱི་ཆོག་མཆན་ཐོབ་ཡོད་པ་རེད།
སྨན་གླིང་གྲོང་ཁྱེར་དང་། ཆུ་ཤུར་རྫོང་། སྣེ་གདོང་ཆུས། པ་སྣམ་རྫོང་བཅས་ཚང་མར་རང་སྐྱོང་ལྗོངས་སམ་ཡང་ན་རྒྱལ་ཁབ་རིམ་པའི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དང་། དེང་རབས་ཞིང་ལས་ཐོན་ལས་གླིང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་བཅས་འཛུགས་གཏོད་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད།
བཀོལ་སྤྱོད་བྱེད་རྣམ་རྒྱ་ཆེར་བཏང་ཞིང་། རང་ལྗོངས་སུ་ཀོང་པོ་རྒྱ་མདའི་རྒྱལ་ཁབ་ཀྱི་གྲངས་འཛིན་ཞིང་ལས(བོད་ཕག)ཀྱི་གསར་གཏོད་བཀོལ་སྤྱོད་རྟེན་གཞི་དང་བསམ་གྲུབ་རྩེ་ཆུས་ཀྱི་རྒྱལ་ཁབ་གྲངས་འཛིན་ཞིང་ལས(ནས)ཀྱི་གསར་གཏོད་བཀོལ་སྤྱོད་རྟེན་གཞི་བསྐྲུན་པ་དང་། གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་རྫོང(སྨན་གླིང་གྲོང་ཁྱེར་དང་། པ་སྣམ་རྫོང་། ཆུ་ཤུར་རྫོང་སོགས)གིས་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་བཅས་དང་མཉམ་གཏོད་མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བཅས་སུ་ནས་འདེབས་འཛུགས་ཀྱི་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟ་བྱས་པས་མུའུ་ཁྲི་6ལྷག་ཙམ་གྱི་སོན་བཟོའི་རྟེན་གཞིའི་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་ཐུབ་སྟེ་གྲངས་འཛིན་ཅན་གྱི་བྱེད་ཐབས་བརྒྱུད་བོད་ཀྱི་ཁག་དང་པོའི་ཞིང་འཕྲུལ་ལམ་ཡིག་གཉེར་ནས་སྤྲད་ཡོད།
རིག་ལྡན་ཞིང་འཕྲུལ་སྒྲིག་ཆས་སྒྲིག་སྦྱོར་བྱེད་མགྱོགས་སུ་བཏང་ཞིང་། རེས་འཁོར་གསར་པའི(2024—2026ལོ་བར)ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དང་ཞིང་འཕྲུལ་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་སྤྱོད་མི་མེད་མཁའ་སྐྱོད་ཡོ་བྱད་བཀོལ་སྤྱོད་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་། སྔོན་ཐོན་སྤྱོད་གོ་ཆོད་པ་དང་། ལྗང་མདོག་ཕན་ཆེའི་ཞིང་འཕྲུལ་སྒྲིག་ཆས་ཚོད་ལྟའི་དཔེ་སྟོན། ཁྱབ་གདལ་བཀོལ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱང་སྐར་མཐའ་སྣེའི་ཞིང་འཕྲུལ་དེ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱི་འཕྲུལ་ཆས་ལག་ཆའི་རིགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་བཅུག་ནས་ལས་སྒྲུབ་ལྟ་ཞིབ་ཚད་ལེན་དང་མི་མེད་གནམ་གྲུ་སོགས་རིག་ནུས་སྒྲིག་ཆས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་གྲུབ་ཆ་རིམ་བཞིན་ལེགས་སུ་འགྲོ་བར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད། ཞིང་ལས་སྐྱེ་དངོས་ཀྱི་འབུ་ནད་རྩྭ་གསུམ་གྱི་གནོད་སྐྱོན་གྱི་སྔོན་འགོག་ཚོད་འཛིན་དུས་མཚམས་རིང་ལྗོངས་ཡོངས་ཀྱི་རྫོང(ཆུས)38ལ་ཞིང་སྤྱོད་མི་མེད་མཁའ་སྐྱོད་ཡོ་བྱད་ཀྱི་ལས་སྒྲུབ་ཁ་གསབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།