ཟླ་དང་པོ་ནས་བཞི་པའི་བར་བོད་ནས་ཐོན་པའི་ཤིང་ཏོག་ཏུན་105ཕྱིར་གཏོང་བྱས་པ།
ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། བོད་ནས་ཐོན་པའི་ཤིང་ཏོག་ཏུན་105ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་125%འཕར་བ་དང་ཕྱིར་གཏོང་བྱེད་མཁན་ཤིང་ཏོག་ལྡུམ་ར་4བར་མང་དུ་ཕྱིན་ཡོད།
བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཤིང་ཏོག་ཐུམ་སྒྲིལ་འཁོར་ཁང་དུ་བཟོ་པ་ཚོས་ཀུ་ཤུ་སོས་པ་བླུགས་པའི་སྒམ་རེ་རེ་བཞིན་ཟོག་འདྲེན་རླངས་འཁོར་ནང་འཇུག་བཞིན་ཡོད་པ་དང་། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་ཉིང་ཁྲི་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཞིབ་བཤེར་དང་ནད་ཡམས་བརྟག་བཤེར་བྱས་པའི་ཚད་གཞི་ལོན་རྗེས་ནེ་པ་ལར་ཕྱིར་འཚོང་བྱ་རྒྱུ་རེད།
ཀུང་སི་དེའི་འགན་འཁུར་བ་ལི་ལུང་ཅིང་གིས། “ཀུང་སིས་ཉིང་ཁྲིར་མུའུ་4600ཟིན་པའི་སར་ཀུ་ཤུའི་སྡོང་ཕྲུག་བཙུགས་ཡོད་ཅིང་། གཙོ་བོ་ནེ་པ་ལ་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད། འགག་སྒོ་ལས་ཁུངས་ཀྱིས་ང་ཚོར་ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་མཁོ་འདོན་བྱས་པ་མ་ཟད། ད་དུང་ཤིང་ཏོག་སོས་པ་འགག་སྒོ་སྒྲོལ་བའི་ཐོགས་མེད་བགྲོད་ལམ་བཏོད་ནས་སྔོན་མངགས་བྱས་མ་ཐག་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་མ་ཐག་ཕྱིར་གཏོང་བྱེད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཆོག་པས‘སོས་ཉར་ཕྱིར་གཏོང’མངོན་འགྱུར་བྱུང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་སྲོག་ཆགས་རྩི་ཤིང་དང་བཟའ་བཅའ་ཞིབ་བཤེར་ནད་ཡམས་བརྟག་བཤེར་ཁྲུའུ་ཡི་འགན་འཁུར་བས། བོད་ཀྱི་ཤིང་ཏོག་རྒྱལ་སྤྱིའི་ཐོག་འདོན་རྒྱུར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་རྒྱལ་ཁབ་གཙོ་བོའི་ཤིང་ཏོག་གི་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱ་ཐབས་འཚོལ་བསྡུ་བྱས་པ་དང་འབྲེལ་ཁེ་ལས་ལ་བསྐུར་བ་དང་། ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་རོགས་རམ་བྱེད་པ། འགག་སྒོ་ལས་ཁུངས་ཀྱི་ལག་རྩལ་གྱི་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ཏེ། ཁེ་ལས་ལ་ཞིབ་དཔྱད་ཚད་ལེན་ལག་རྩལ་དང་ཁྱད་ལྡན་ཐོན་རྫས་ཀྱི་ཚད་གཞི་བཟོ་བཅོས་སོགས་ཀྱི་ཞབས་འདེགས་ཞུས་ནས། ཕྱིར་གཏོང་ཤིང་ཏོག་གི“འབྱུང་རྩ་ཚད་ལོན”ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།