ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོས།
འབྲི་གཡག་གསོ་ཚགས་ལ་བརྟེན་ནས་གྲོང་མིར་འབབ་འཕར་ཡོང་རོགས་བྱས་པ།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་ས་གཙང་འབྲོག་ལས་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲི་གཡག་རྒྱུད་སྤེལ་ར་བར་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཤིང་། ཞོགས་སྔ་པོ་ནས་ལོ་28ལ་སླེབས་པའི་བུ་མོ་ཚེ་བརྟན་འཛོམས་པ་གྲོང་ཚོ་དང་ཐག་རིང་པོ་མེད་པའི་འབྲི་གཡག་རྒྱུད་སྤེལ་ར་བའི་ཕྱུགས་ཚང་ལ་ལྟ་བར་བསྐྱོད་དེ་འབྲི་གཡག་གིས་གཟན་རྩྭ་བཟས་ཚུལ་དང་། ཐང་ཤ་དོད་ཚུལ། དེ་བཞིན་འབྲི་མོའི་སྦྲུམ་ཆགས་དང་བེའུ་བཙས་ཚུལ་བཅས་ཟིན་ཐོར་ཞིབ་ཕྲ་བཀོད་ལ། དེ་རྗེས“འབྲི་གཡག་ཐབ་ཚང”གི་གནས་ཚུལ་གཞིར་བཟུང་དེ་ཉིན་གྱི་གཟན་རྩྭའི་འཚོ་བཅུད་ལེགས་སྒྲིག་བྱེད་ཆེད་ཁོ་མོས་བྱང་ཆ་ལྡན་པའི་སྒོ་ནས་གྲངས་གཞི་དེ་དག་གྲངས་གཞིའི་མཛོད་དུ་བཅུག
“ང་ཚོས་གསོས་པའི་འབྲི་གཡག་ལ་ཉིན་ལྟར་བསྡུར་ཚད་རན་པོ་བཟོས་པའི་འཚོ་བཅུད་གཟན་རྩྭ་སྣ་ཁ་བཅུ་ལྷག་ཙམ་སྟེར་གྱི་ཡོད། དུས་ཐུང་རྒྱགས་གསོ་བྱེད་པར་ཟླ་གསུམ་ནས་ལྔ་ཙམ་ལས་འགོར་གྱི་མེད། ཞིང་དུད་རང་གིས་རྒྱགས་གསོ་བྱེད་པར་ཟླ་བ་བདུན་བརྒྱད་ཙམ་དགོས་པ་དང་བསྡུར་ན་དུས་ཚོད་ཐུང་དུ་ཕྱིན་ནས་མ་གནས་གྲོན་ཆུང་ཐུབ་ཡོད། ལོ་འགའི་རིང་རྒྱུད་སྤེལ་ར་བས་ཞིང་དུད་ལ་འབྲི་གཡག་གི་རྒྱུད་བཟང་ཕ་ཕྱུགས་500ལྷག་ཙམ་མཁོ་འདོན་བྱས་པས། ང་ཚོའི་ཞིང་ཁུལ་གྱི་འབྲོག་ལས་གྲུབ་ཆ་ལེགས་སུ་ཕྱིན་ཡོད”ཅེས་རྒྱུད་སྤེལ་ར་བའི་གསོ་ཚགས་གཙོ་གཉེར་པ་ཚེ་བརྟན་འཛོམས་པས་གསར་འགོད་པར་བཤད།
འབྲི་གཡག་གསོ་ཚགས་ལ་བོད་དུ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་མོད། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ནི་ད་དུང་ཅུང་རགས་ལས་རྣམ་པར་ལུས་ཏེ་འབྲི་གཡག“དབྱར་ཤ་ཤེད་རྒྱས་པ་དང་། སྟོན་ཤེད་མོ་ལེགས་པ། དགུན་ཤ་ཤེད་ཉམས་པ། དཔྱིད་ཤི་ཚད་མང་བ”བཅས་ཀྱི་སྣང་ཚུལ་ལ་རྩ་བའི་ཆ་ནས་ནས་འགྱུར་ལྡོག་བྱུང་མེད་པས། གསོ་ཚགས་ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་དཀའ་བ་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་བྱེད་པར་ཚོད་འཛིན་ཐེབས་ཀྱི་ཡོད།
རྣམ་པ་དེ་2018ལོ་ནས་འགྱུར་ལྡོག་བྱུང་བ་སྟེ། ཅང་སུའུ་ཞིང་ཆེན་གྱིས་སྒོར་དུང་ཕྱུར་1.5བཏང་ནས་གསུམ་འཕྲེང་གྲོང་ཚོའི་སྐལ་བཟང་ཐང་དུ་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་བསྐྲུན་པ་རེད། དཔེ་སྟོན་གླིང་དེས་སྲོལ་རྒྱུན་ཐོན་ལས་ཀྱི་བཀག་རྒྱ་གཏོར་ཤིང་། གཟན་རྩྭ་ལས་སྣོན་ཞིབ་ཚགས་བྱས་ཏེ་ས་གནས་དེ་གའི་ཞིང་དུད་ཀྱིས་བཏབ་པའི་རྩྭ་འབུ་སུ་ཧང་དང་། ཡུག་པོ། དེ་བཞིན་ནས་དང་མ་རྨོས་ལོ་ཏོག་གི་སོག་མ་སོགས་སྤུས་ལེགས་གཟན་རྩྭ་རིན་གོང་མཐོ་པོས་ཉོ་བ་དང་ཆབས་ཅིག འབྲི་གཡག་གི་ཚན་རྩལ་རྒྱུད་གསོ་དང་རྒྱུད་སྤེལ་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཕག་རི་དང་མྱང་གཡག་སོགས་འབྲི་གཡག་གི་རྒྱུད་བཟང་མང་པོ་ནང་འདྲེན་བྱས་ནས། ས་གནས་དེ་གའི་འབྲི་གཡག་གི་རྒྱུད་པ་ཞན་དུ་འགྲོ་བ་དང་ཁ་ཐོར་ངང་གསོ་བའི་ཕན་འབྲས་ཞན་པའི་གནད་དོན་བསལ་བ་རེད། ལོ་ཤས་རིང་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད། དཔེ་སྟོན་གླིང་གིས་གཟན་རྩྭ་དང་། འབྲི་གཡག ཤ འོ་མ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་བཏོད་པ་མ་ཟད། ད་དུང“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་བཅས་ཟུང་འབྲེལ”གྱི་འཁོར་རྒྱུག་འདེབས་འཛུགས་གསོ་ཚགས་བྱེད་སྟངས་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་པར་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
2022ལོར་སློབ་ཆེན་ཐོན་རྗེས། ཚེ་བརྟན་འཛོམས་པ་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱས་པ་དང་ད་ཆ་ཟླ་རེར་གླ་ཕོགས་སྒོར་བདུན་སྟོང་ཡས་མས་ཡོད། ཁོ་མོས་དགའ་ཚོར་ཆེན་པོས“སྒོ་རྩར་ལས་ཞུགས་ཐུབ་ནས་ཕ་ཡུལ་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་ཐུབ་པས་གྲུབ་འབྲས་ཐོབ་སྣང་ཆེན་པོ་འདུག”ཅེས་བཤད།
ས་གཙང་འབྲོག་ལས་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཧྥུའུ་ཀང་གིས“འདེབས་གསོ་ཟུང་འབྲེལ་དང་། ཞིང་འབྲོག་གསབ་རེས། འཁོར་རྒྱུག་འཕེལ་རྒྱས”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་འབྲི་གཡག་རྒྱུད་སྤེལ་ར་བ་ཁོ་ནར་ལོ་ལྟར་གཟན་རྩྭ་ཏུན་ཉིས་སྟོང་ལྷག་ཙམ་ཉོ་ཡི་ཡོད། ཞིང་པས་འབྲུ་རིགས་འདེབས་ཞོར་དུ་ས་སྟོང་དུ་ཐན་ཐུབ་གཟན་རྩྭ་བཏབ་པའི་མུའུ་རེའི་ཡོང་འབབ་ནི་ནས་བཏབ་པ་ལས་སྒོར་700ལྷག་ཙམ་གྱིས་མཐོ་བ་ཡོད། ཀུང་སིས་ད་དུང་ཚན་རྩལ་པ་སྒྲིག་འཛུགས་བྱས་ནས་གསོ་ཚགས་དུད་ཚང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱེད་སྟངས་མཛུབ་ཁྲིད་བྱས་པས། འབྲི་གཡག་བཤས་གཏོང་ཆོག་པའི་དུས་ཡུན་ཐུང་དུ་ཕྱིན་ནས་གསོ་ཚགས་དུད་ཚང་གི་ཡོང་འབབ་ཁེ་གཙང་ཧ་ལམ་ལྡབ་འཕར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
ཀྲང་ཧྥུའུ་ཀང་གིས“2025ལོར་འབྲི་གཡག་གསོ་ཚགས་ར་བར་ལག་ཡོད་ཕྱུགས་གྲངས་30%འཕར་རྒྱུ་དང་། འབྲི་གཡག་རྒྱུད་སྤེལ་ར་བས་ལོ་རེར་རྒྱུད་བཟང་ཕ་ཕྱུགས་200ཡན་ཁྱབ་སྤེལ་གཏོང་རྒྱུ། འབྲི་གཡག་གསོ་ཚགས་ར་བས་ལོ་རེར་གཏན་འཇགས་སུ་རྒྱགས་གསོའི་འབྲི་གཡག་མགོ་གྲངས་2000ཡས་མས་ཟིན་པ་བྱ་རྒྱུ། གཟན་རྩྭ་ལས་སྣོན་བཟོ་གྲྭས་ལོ་རེར་གཟན་རྩྭ་སྣ་ཚོགས་ཏུན་ཁྲི་གཅིག་ཕྱིར་འཚོང་གི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཅས་ཡིན། བོད་ཀྱི་ཞིང་ཁུལ་གྱི་འབྲོག་ལས་ཐོན་ལས་ཅན་ལ་མདུན་ལམ་ཆེན་པོ་ཡོད”ཅེས་གདེང་ཚོད་ཀྱིས་ཁེངས་བཞིན་བཤད།
གསུམ་འཕྲེང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཀྱིས་ཚན་རྩལ་གྱི་མཐུན་རྐྱེན་སྦྱར་བའི“ཞིང་ལས་ལ་བརྟེན་ནས་ཕྱུགས་རིགས་གསོ་ཚགས་དང་ཕྱུགས་རིགས་ལ་བརྟེན་ནས་ཞིང་ལས་ལ་སྐུལ་འདེད་གཏོང་བའི”འཁོར་རྒྱུག་དཔལ་འབྱོར་འདུ་ཤེས་ཀྱི་སྐུལ་འདེད་འོག གསུམ་འཕྲེང་གྲོང་ཚོས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བ་དང་། ཞིང་ལས་ལོ་ཏོག་གི་སོག་མ་དང་ཕྱུགས་རིགས་དང་ཁྱིམ་བྱའི་ལུད་སྤྱོད་ཚད་མང་དུ་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་འདེབས་འཛུགས་དང་། གསོ་ཚགས། སྐྱེ་ལྡན་ལུད་ལས་སྣོན། ས་རྒྱུ་ལེགས་བཅོས་བཅས་ལ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཞིག་ཆགས་ཡོད་ཅེས་བརྗོད།