གྲོང་གསེབ་ཀྱི་སྐྲ་ཁང་གཙང་སེ་གཙང་། དམངས་འཚོ་ཡི་ཞབས་ཞུ་ལེགས་སེ་ལེགས།
ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ཏང་དམངས་ཞབས་ཞུའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
“དེ་གོང་སྐྲ་བཞར་དགོས་ཚེ་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་གྲོང་རྡལ་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་སྒོ་རྩར་སྐྲ་བཞར་ས་ཡོད་པ་མ་ཟད། ཏང་ཡོན་དང་བླངས་པས་ད་དུང་རྐང་པ་བདེ་པོ་མེད་པའི་རྒན་རྒོན་རྣམས་ལ་ཁྱིམ་དུ་བསྐྱོད་ནས་སྐྲ་བཞར་གྱི་འདུག”དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་གཉིས་པའི་སྐྲ་བཞར་ཁང་དུ་སྐྲ་བཞར་མ་ཐག་པའི་ཨ་མ་ཚེ་བརྟན་སྒྲོལ་མས་ཤེལ་སྒོར་ལྟ་བཞིན་བློ་ཡིད་འཚིམ་པའི་འཛུམ་མདངས་འཕྱུར། བེད་མེད་མཛོད་ཁང་སྐྲ་བཞར་ཁང་དུ་བསྒྱུར་བ་དང་། དེའི་ནང་ཆེད་ལས་ཀྱི་སྐྲ་བཞར་སྒྲིག་ཆས་ཡོད་པ་མ་ཟད། རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཆེད་སྒྲོམ་ཡང་བཟོས་ཡོད་པས། གྲོང་མི་རྣམས་ཀྱི་དགའ་འཛོམ་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ“སྐྲ་བཞར་རྒྱུ་ནས་འགོ་རྩོམ་པའི”དམངས་འཚོའི་ལག་ལེན་ཞིག་གིས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད། ས་བབ་སྨི་4000ལྷག་ཙམ་ཟིན་པའི་ཐག་རིང་གི་རྫོང་དེར་གྲོང་གསེབ་ཀྱི་སྐྲ་བཞར་ཁང་89བཙུགས་ཡོད། ན་ནིང་ནས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་20ཡང་མེད་པའི་ཁང་པ་དེ་དག་གིས་གཞི་རིམ་བཅོས་སྐྱོང་དེ་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་སྣུར་སྲིང་ཐུབ་ཡོད།
འགྱུར་ལྡོག་དེ་ལྟ་བུ་ནི་དཔལ་འབར་རྫོང་ཨུད་ཀྱིས་གྲོང་གསེབ་སྐྲ་བཞར་ཁང་གི་འཛུགས་སྐྲུན་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ནང་བཅུག་ནས“ཏང་ཨུད་ཀྱིས་སྤྱི་འདོམས་དང་། ཀྲི་པུས་སྣེ་ཁྲིད། ཏང་ཡོན་གྱིས་དཔེ་སྟོན”བཅས་ཀྱི་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་པ་ལས་བྱུང་བ་ཞིག་རེད། ཚོགས་འདུ་མ་འཚོག་གོང་བརྟག་དཔྱད་ཞིབ་འཇུག་བྱས་པས་རྫོང་ཡོངས་ཀྱི་ཤང་གྲོང་11ཡོད་པའི་ཤང་གྲོང་8ལ་སྐྲ་བཞར་ཁང་མེད་པ་དང་ཐག་རིང་ཤོས་ཀྱི་སྲིད་འཛིན་གྲོང་ཚོའི་མང་ཚོགས་རྣམས་སྐྲ་བཞར་ཐེངས་རེར་ཕར་ཚུར་སྤྱི་ལེ་330འགྲོ་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
དཔལ་འབར་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཞེ་ཧྲའོ་ཅུན་གྱིས“མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ནི་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ཡིན། རྫོང་གི་སྐྲ་བཞར་ཁང་ཚང་མའི་འཛུགས་ཡུལ་ནི་ཏང་དང་མང་ཚོགས་ཀྱི་གྲོས་ཚོགས་ཐོག་གྲོས་བསྡུར་གང་ལེགས་བྱས་ཏེ། གྲོང་ཚོ་རིམ་པའི་ཁྲུས་ཁང་དང་བྱེད་སྒོ་སྤེལ་ས་རྙིང་པ་སོགས་བེད་མེད་ཁང་པ75བསྡུ་སྒྲིལ་བྱས་ནས་སྐྲ་བཞར་ཁང་89རྫོང་ཡོངས་ཀྱི་གྲོང་ཚོ་ཚང་མར་ཁྱབ་པར་བྱས་ཡོད”ཅེས་བཤད།
དཔལ་འབར་རྫོང་ལྷ་རྩེ་ཤང་ལྷ་རྩེ་གྲོང་ཚོའི་སྨི་ངོས་གྲུ་20ཟིན་པའི་སྐྲ་བཞར་ཁང་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། གཡོན་ངོས་ནི་སྐྲ་བཞར་ཁུལ་ཡིན་པ་དང་གཡས་ངོས་སུ་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཆ་སྒམ་བཙུགས་ཡོད་པ་དང་། གྱང་ངོས་སུ“དབུ་དཀར་གྲོས་ཚོགས”ཀྱི་ཉིན་རེའི་ལས་རིམ་ཀྱིས་ཁེངས་ཡོད། ལྷ་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་གིས“ད་ཆ་ཟླ་རེའི་སྐྲ་བཞར་ཉིན་མོ་ནི་ང་ཚོའི་གྲོས་བསྡུར་ཉིན་མོའང་རེད། གྲོང་ཚོས་འདི་གར་སྲིད་ཇུས་སྒྲོག་འགྲེལ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་ནས་མང་ཚོགས་ཀྱི་རེ་ཞུ་70ལྷག་ཙམ་བསྡུ་རུབ་བྱས་པར་ཐག་གཅོད་བྱེད་ཚད་90%ལྷག་ཙམ་ཟིན་ཡོད”ཅེས་བཤད།
ལོ་ཉི་ཤུ་ལྷག་ཙམ་ལ་སླེབས་པའི་སྒྲོལ་མ་གཡང་འཛོམས་ཀྱིས་ལོ་གཅིག་གི་གོང་རིན་མེད་ཀྱི་སྐྲ་བཞར་བའི་ལག་རྩལ་གསོ་སྦྱོང་ལ་ཞུགས་པས་རང་ཉིད་ལ་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་འཕར་ཡོང་བསམ་པ་བསམ་ཡུལ་ལས་འདས། “གྲོང་གསེབ་སྐྲ་བཞར་བའི”གསོ་སྦྱོང་སློབ་མ་ཁག་དང་པོ་ཡིན་པའི་སྒྲོལ་མ་གཡང་འཛོམས་ནི་ད་ཆ་གང་སར་སྐད་གྲགས་ཆོད་པའི་སྐྲ་བཞར་བ་ཞིག་ཏུ་གྱུར་ཡོད། ཁོང་གིས“ད་ལྟ་ཟླ་རེར་སྐྲ་བཞར་བའི་ཡོང་འབབ་ཡོད་པ་མ་ཟད། ང་ཚོས་སྐྲ་བཞར་ཁང་བརྒྱུད་ནས་ཡུལ་མི་ཚོར་མར་ཡང་འཚོང་རོགས་བྱེད་ཀྱི་ཡོད”ཅེས་བཤད།
དཔལ་འབར་རྫོང་མི་སྤྱི་ཅུས་ཏང་ཙུའི་ཧྲུའུ་ཅི་པད་མ་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་དོན། ཆེད་དམིགས་གསོ་སྦྱོང་བྱས་པ་བརྒྱུད་རྫོང་ཡོངས་སུ་ས་གནས་དེ་གའི་སྐྲ་བཞར་བ་130གསོ་སྐྱོང་བྱས་ཡོད་ལ། ལས་གཏོད་ཁ་གསབ་སྒོར་ཁྲི་60.21དོན་འཁྱོལ་ཡང་བྱས་ནས། མང་ཚོགས་56ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
ནུས་པ་རྒྱ་བསྐྱེད་བྱས་པ་དང་བསྟུན་ནས་སྐྲ་བཞར་ཁང་ལའང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཞིང་། ཤང་དང་གྲོང་རྡལ་གྱི་སྐྲ་བཞར་ཁང་14ཡིས་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་ནས་ཤ་སྐམ་པོ་དང་ཞོ་སོགས་ཐོན་རྫས་རིགས་20ལྷག་ཙམ་ཚབ་ཚོང་བྱས་པར་ལོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་55ལྷག་ཙམ་ཟིན་ཡོད་པ་དང་། སྙེ་མོ་ཤང་གིས“སེན་མོ་མཛེས་བཟོ་དང་སྐྲ་བཞར”མཉམ་འདུས་ཀྱི་ཞབས་ཞུའི་རྣམས་གྲངས་བཏོན་པ། དཔལ་འབར་གྲོང་རྡལ་གྱིས“གཅེས་སེམས་འོས་འགན་སྐྲ་བཞར་གྱི་སྐར་གསོག་ལམ་ལུགས”ཚོད་ལྟའི་ངང་བཏོན་ནས་མང་ཚོགས་ཀྱིས་དང་བླངས་ཞབས་ཞུའི་སྐར་མ་སྤྱད་ན་སྐྲ་བཞར་ཆོག་གི་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྫོང་ཡོངས་ཀྱི་གྲོང་གསེབ་སྐྲ་བཞར་ཁང་གིས་ལོ་རེར་མང་ཚོགས་ལ་ཞབས་འདེགས་ཞུ་ཚད་མི་ཐེངས་ཁྲི་4.34ཟིན་པ་དང་ཞིང་འབྲོག་པར་སྒོར་ཁྲི་130ལྷག་ཙམ་གྱི་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
སྐྲ་བཞར་ཐེངས་གཅིག་ལས“དམངས་འཚོའི་བར་ཐག”ཉེ་རུ་ཕྱིན་པ་དང་ཁང་པ་གཅིག་གིས་མི་སེར་གྱི་སེམས་པ་དྲོ་བར་བྱས་ཡོད། དཔལ་འབར་རྫོང་གི་སྐྲ་བཞར་ཁང་ནི་ཡུལ་བབ་དམངས་འདུན་བརྒྱུད་སྤྲོད་བྱེད་པའི་ས་ཚིགས་ཤིག་ཏུ་གྱུར་ཡོད།