ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་གིས“འདེམས་གསོ་གོ་ཆོད”ལ་དམིགས་ནས་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ།
གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་གསོ་སྐྱོང་དང་སྟོབས་ཆེར་བཏང་བ།
གྲོང་གསེབ་དར་རྒྱས་གཏོང་བར་ལེགས་སྐྱེས་འབུལ་འདོད་ཡོད་པའི་ཤེས་ལྡན་པར་ལས་སྟེགས་གཏོད་པ་དང་ལམ་བུ་བཤངས་ཏེ། གྲོང་གསེབ་དར་རྒྱས་ལས་ལ་ཞུགས་འདོད་ཡོད་པ་དང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་འདོད་ཡོད་པའི་ཤེས་ལྡན་པ་འདེམས་རྒྱུ་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་གིས་གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་བརྟན་དུ་བཏང་བའི་ཕན་ཡོད་ཀྱི་ཉམས་མྱོང་ཞིག་རེད།
རྗེས་གྲབས་ལས་བྱེད་པའི“ཆུ་མཛོད”རྒྱ་སྐྱེད་དུ་བཏང་བ།
ཆུ་མདོ་རྒྱང་ཤང་གིས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ཀུན་སྤྱོད་བཟང་བ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ། མཐུན་སྦྱོར་ནུས་པ་ཆེ་བ་བཅས་འོས་འདེམས་ཚད་གཞིར་བརྩིས་ཏེ། འོས་མིའི་ཁྱབ་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་བྱང་ཚད་མཐོ་བའི་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
ཤེས་ལྡན་པ་མི་འདང་སར་བརྡར་གཅོད་གནད་འཁེལ་དང་སྐབས་བརྗེའི་ལས་དོན་གྱི་རྨང་གཞི་ཡག་པོ་འཛུགས་ཆེད། ཆུ་མདོ་རྒྱང་ཤང་གི་གྲོང་ཚོ་འགན་གཙང་ལེན་པའི་རྫོང་རིམ་པའི་འགོ་ཁྲིད་རྩ་འཛུགས་ཀྱིས་ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཁག་ཏུ་བསྐྱོད་དེ། དུས་བདེའི་ཁྲིམས་སྐྱོང་འཛུགས་སྐྱོང་དང་། མཉམ་སྡེབ་ཐོན་ལས་འཕེལ་རྒྱས། མིའི་སྡོད་ཁོར་ཡུག་བཅོས་སྒྲིག དེ་བཞིན་དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་གྲོང་ཚོ་ཁག་གི་ཏང་རྩ་འཛུགས་ཀྱི་ལས་གནས་ལ་ཤེས་ལྡན་པའི་དགོས་མཁོ་གསལ་རྟོགས་ཀྱིས་རྗེས་གྲབས་ལས་བྱེད་པའི་ཆེད་ལས་གསལ་ཐོ་ཚན་རིག་དང་མཐུན་པའི་ངང་བཟོས་ཡོད།
དེ་དང་ཆབས་ཅིག ཆུ་མདོ་རྒྱང་ཤང་གིས་ཆབ་སྲིད་ཀྱི་འགག་སྒོར་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཏེ། ཤང་བདེ་འཇགས་ཁྲིམས་སྐྱོང་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ཆབ་སྲིད་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་། རྩ་འཛུགས། སྤྱི་བདེ། ཡིག་འབུལ་ཞུ་བཅར་སོགས་སྡེ་ཚན་དང་མཐུན་སྦྱོར་གྱིས་འོས་མིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སོགས་ལ་བརྩི་སྲུང་ཞུ་ཚུལ་ཐད་ཞིབ་བཤེར་བྱས་པ་དང་། མང་ཚོགས་ཁྲོད་དུ་བསྐྱོད་ནས་འོས་མིའི་ཀུན་སྤྱོད་གཤིས་རྒྱུད་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་དད་མོས་བྱེད་ཚུལ་བཅས་ཤེས་རྟོགས་བྱས་ནས། རྗེས་གྲབས་ལས་བྱེད་པར་ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་ལྡན་ཐུབ་པའི་འགན་ལེན་བྱས་ཡོད།
འཇོན་ཐང་ཆེ་རུ་གཏོང་བའི“དམག་སྦྱོང་བྱེད་ས”བཙུགས་པ།
ཆུ་མདོ་རྒྱང་ཤང་གིས་སྣོད་བསྟུན་སློབ་ཁྲིད་དང་དུས་བསྟུན་སྤྱོད་མཁས་མཐའ་འཁྱོངས་ཀྱིས“སློབ་དཔོན་གཉིས་ཀྱིས་སློབ་ཁྲིད་བྱེད་པའི”ཐོག་ནས་ལས་བྱེད་པ་འཚར་ལོངས་ཀྱི་ལམ་བུར་ནུས་པ་སྦྱིན་པ་དང་། “རིམ་པ་དང་རིགས་དབྱེ་བའི”གསོ་སྦྱོང་བྱས་ནས་འཇོན་ཐང་གནད་སྨིན་ངང་ཆེ་རུ་གཏོང་བ། “མཚན་མོའི་སློབ་གྲྭ”བཙུགས་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཚོའི་རྗེས་གྲབས་ལས་བྱེད་པར་འཚར་ལོངས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ཡོད།
ཆུ་མདོ་རྒྱང་ཤང་གིས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་དོ་དམ་ལས་དོན་དེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ། “དགེ་སློབ་ཆ་སྒྲིག་གིས་བརྒྱུད་རོགས་ཁྲིད་གསུམ”གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་དང་གྲོང་ཚོའི་སྣེ་འཛིན་གྱི་རྗེས་གྲབས་ལས་བྱེད་པ་གཉིས་ཀྱི“གཅིག་གཏད་གཅིག”གི་ཆ་སྒྲིག་སློབ་རོགས་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་དང་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་གཞན་དག་གི“གཅིག་གཏད་མང་པོའི”ཆ་སྒྲིག་སློབ་རོགས་ཐུབ་པར་བྱས་ཡོད། གྲོང་ཚོ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རྗེས་གྲབས་ལས་བྱེད་པའི་མི་འདང་བའི་ཤེས་བྱ་སྦྱོང་རྒྱུ་ཟུང་འབྲེལ་བྱས་ཏེ། མི་ཐེངས་12ལ་གསོ་ཚགས་ལག་རྩལ་དང་ཐོན་ལས་དོ་དམ་གྱི་གསོ་སྦྱོང་བྱས་པ་དང་། མི་ཐེངས་48ལ་བཅའ་ཁྲིམས་ཤེས་བྱ་དང་འདུམ་འགྲིག་ཐབས་རྩལ་གྱི་གསོ་སྦྱོང་བྱས་པ། མི་ཐེངས་20ལ་ཏང་འཛུགས་སྐྱོང་གི་ལས་སྒོའི་ནུས་པ་གསོ་སྦྱོང་བྱས་ནས། རྗེས་གྲབས་ལས་བྱེད་པའི་ཆེད་ལས་བྱང་ཚད་དང་ལས་ཀའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། གྲོང་ཚོ་རིམ་པའི་གཡུལ་སའི་ལེགས་ཆ་གང་ལེགས་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི“མཚན་མོའི་སློབ་གྲྭ”བཙུགས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྲིད་ཇུས་སྒྲོག་འགྲེལ་དང་རྩལ་ནུས་མཐོར་གཏོང་སོགས་ཀྱི་སློབ་ཚན་ནང་མཉམ་འདྲེས་བྱས་ཏེ“མཚན་མོའི་སློབ་གྲྭའི”ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་སློབ་སྦྱོང་གི་གྲུབ་འབྲས་ཆེ་རུ་བཏང་ཡོད།
ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི“སྐྱེ་ཁམས་འཁོར་རྒྱ”བཙུགས་པ།
ཆུ་མདོ་རྒྱང་ཤང་གིས“འཛུལ་ཐོན་གཉིས་རུང་དང་། འཛུལ་ནན་ཐོན་སླ། འགྲན་རྩོད་བཟང་བ། འགུལ་རྣམ་ལེགས་སྒྲིག”བཅས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་ཡོངས་དང་རིམ་པ་མང་བའི་དོ་དམ་ལམ་སྲོལ་ལག་བསྟར་བྱས་ནས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།
ཤང་ཡོངས་ཀྱིས་རྒྱུན་གཏན་གྱི་དོ་དམ་དང་། ལོ་ཕྱེད་ཀྱི་གླེང་མོལ། ལོ་འཁོར་གྱི་དཔྱད་ཞིབ་བཅས་ཀྱི“ལམ་སྲོལ་གསུམ”ལ་དམ་འཛིན་ཏན་ཏིག་བྱས་ཏེ། “གྲོང་ཚོར་འབྱོར་ཐོ་འགོད་པའི”ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་གྲོང་ཚོའི་གཅིག་སྡུད་གཞུང་དོན་སྒྲུབ་པའི་ཉིན་མོའི་བྱེད་སྒོར་ཟླ་རེར་ཐེངས་གསུམ་ཡན་ཞུགས་སུ་འཇུག་པ་དང་། གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་སྲིད་ཇུས་སློབ་སྦྱོང་དང་། ལས་འགན་དང་དུ་ལེན་པ། བྱ་བ་དངོས་སྒྲུབ་པ་བཅས་བྱེད་པ་དང་། “དུས་ཚིགས་རེར་སྙན་སེང་ཐེངས་རེ་ཞུ་བའི”ལམ་ལུགས་ལག་བསྟར་བྱས་ཏེ། དུས་ཚིགས་རེར་གཅིག་སྡུད་སྙན་སེང་ཞུ་བའི་ཉིན་མོ་གཏན་འཁེལ་བྱས་ནས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པའི་ཚན་ཁག་གི་ཁོངས་མི་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག མང་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཉེ་དུས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་སྙན་སེང་ཞུ་རུ་འཇུག་པ། ལོ་ཕྱེད་རེར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིས་རྗེས་གྲབས་ལས་བྱེད་པ་དང་གླེང་མོལ་དང་སྤེལ་རེས་ཐེངས་རེ་བྱས་ཏེ། ལས་ཀའི་འཕེལ་རིམ་དང་བསམ་བློའི་གནས་ཚུལ་ཤེས་རྟོགས་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ནས་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་འཚར་ལོངས་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་གྱི་ཡོད།
དེ་དང་ཆབས་ཅིག ཆུ་མདོ་རྒྱང་ཤང་གིས་དཔྱད་བསྡུར་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཀུན་སྤྱོད་དང་། འཇོན་ཐང་། ཧུར་བརྩོན། གྲུབ་འབྲས། སྤྱོད་གཙང་བཅས་ཕྱོགས་ལྔའི་ཐད་ནས་རྗེས་གྲབས་ལས་བྱེད་པར་ཚད་འབེབས་སྐར་མ་རྒྱག་པ་དང་། རྒྱུན་ལྡན་གྱི་བྱེད་སྟངས་དང་དུས་ཚིགས་ཀྱི་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་རྗེས་གྲབས་ལས་བྱེད་པའི་འཇོན་ཐང་དང་། བྱང་ཚད། ཀུན་སྤྱོད་བཅས་ལ་ཕྱོགས་བསྡུས་གདེང་འཇོག་བྱེད་ཀྱི་ཡོད། ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་ཅུང་མཐོ་བ་རྣམས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་རྗེས་གྲབས་ལས་བྱེད་པའི་སྔོན་འདེམས་འོས་མིའི་གྲས་སུ་བཅུག་པ་དང་། གསོ་སྐྱོང་དང་ལེགས་བཅོས་ཐེངས་མང་བྱས་རྗེས་དཔྱད་བསྡུར་སྐར་གྲངས་སྔར་བཞིན་དམའ་བ་དང་མང་ཚོགས་ཀྱི་ཁས་ལེན་བྱེད་ཚད་མཐོ་པོ་མེད་པའི་རིགས་ལེགས་སྒྲིག་བྱས་ནས་ཕྱིར་འཐེན་བྱེད་ཀྱི་ཡོད། དོ་དམ་ཐེངས་མང་བྱས་པ་བརྒྱུད་གྲོང་ཚོའི་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་ལེགས་སུ་དང་གསར་བརྗེས་བྱས་ཏེ་ཤང་ཡོངས་ཀྱི་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་གི་སྤུས་ཚད་འགན་ལེན་བྱེད་ཀྱི་ཡོད།