སྙེ་མོ་རྫོང་སྙེ་མོ་ཤང་གིས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་སྙེ་མོ་ཤང་གིས་གྲོང་གསེབ་དར་རྒྱས་དང་གཞི་རིམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་དཔའ་ངར་ཆེན་པོས་འགན་འཁྲི་ལྗིད་པོ་འཁུར་བ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྷུ་ཚིགས་ཆུང་ཙག་ནས་མཉམ་འདྲེས་གཏིང་ཟབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་གནད་གནད་འཁེལ་ངང་ཁོང་དུ་ཆུད་པར་བྱེད་པ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་མཁར་རྫོང་བརྟན་པོ་ཞིག་ཏུ་གྱུར་བ་བྱས་ཏེ། སྙེ་མོ་ཤང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པའི་ལས་དོན་ཁྲོད་སྙེ་མོ་རྫོང་གིས་2025ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་100%ཟིན་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་རིན་རྩིས་ཞུའི་དཀའ་ངལ་བསལ་ཡོད། དམངས་སྲིད་ཀྱི་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བ་སོགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་གནད་སྨིན་བྱས་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་སྙེ་མོ་རྫོང་ཏང་ཨུད་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད་2023ལོའི་ཟླ་8པར་གྲོང་ཚོ་ཁག་དང་བོད་ལྗོངས་ཐན་ཀྲེ་ཅན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་དབར་རླམ་རྩྭ་ཕོ་སུལ་ཐོན་སྐྱེད་བྱེད་པའི་མཉམ་ལས་གྲོས་མཐུན་བཞག་པ་དང་། “སྣེ་འདྲེན་ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། འདེབས་འཛུགས་དུད་ཚང”བཅས་ཟུང་འབྲེལ་གྱི་ཐོན་ལས་སྐུལ་ཁྲིད་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་ནས་ཕྱིར་ཚོང་ཐབས་ལམ་ཡངས་སུ་བཏང་ཡོད་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་མང་དུ་བཏང་བ་དང་ལྷག་པར་དུ་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་དེ་བས་ཀྱང་སྟབས་བདེ་བསྐྲུན་ཡོད། མིག་སྔའི་བར། རླམ་རྩྭ་ཕོ་སུལ་རྣམ་གྲངས་བརྒྱུད་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་90ལྷག་ཙམ་བྱུང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་855.1ཟིན་པ། མང་ཚོགས་70ལ་འབབ་འཕར་སྒོར་ཁྲི་210བྱུང་ནས་ཞིང་འབྲོག་མང་ཚོགས་ཚོར་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།