སྲོལ་རྒྱུན་ནས་རིག་ནུས་བར་བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་ཅན་གྱི་འཕོ་འགྱུར་ལམ་བུ།
འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་གི་དེང་རབས་སྐྱེ་ཁམས་ཐོན་ལས་གླིང་ནང་དུ་ས་མེད་འདེབས་གསོ་བྱས་པའི་སྔོ་ཚལ་ཡིན་པ།
འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་གི་དེང་རབས་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་ནང་གི་ས་མེད་འདེབས་གསོ་བྱས་པའི་སྔོ་ཚལ་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་སྤེལ་ར་བ་ཡིན་པ།
གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག བོད་ཀྱི་ཞིང་འབྲོག་ལས་དེ་རིག་ནུས་ཅན་དང་། ལྗང་མདོག་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་གོམ་སྟབས་མྱུར་པོས་སྤོ་བཞིན་ཡོད། སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་ནས་ཚན་རྩལ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་སྐུལ་འདེད་སྟོབས་ཤུགས་ཅིག་ཏུ་གྱུར་ཞིང་། བྱང་སྐར་ཕྱོགས་སྟོན་མ་ལག་གིས་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་དེ་བས་གནད་སྨིན་བྱུང་བ་དང་། ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ལ་བརྟེན་ནས་ཐོན་ཁུངས་ནུས་ཆེའི་ངང་སྤྱོད་ཐུབ་པ། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཀྱི་སོན་འདེབས་ལག་རྩལ་ལ་ཚད་བརྒལ་ཟམ་མི་ཆད་པར་བྱུང་བ། མཐོ་གྲང་ཁོར་ཡུག་ལ་འཕྲོད་པའི་སྤུས་ལེགས་ས་བོན་གཅིག་རྗེས་གཉིས་མཐུད་ངང་ཁྱབ་གདལ་བཏང་བ་བཅས་སོ། རིག་ལྡན་འབྲོག་རའི་གློག་རྡུལ་རྣ་རྟགས་ཀྱིས་ཕྱུགས་ཟོག་གི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་གྲངས་གཞི་ཆེན་པོའི་དབྱེ་ཞིབ་ལས་ཚན་རིག་དང་མཐུན་པའི་གསོ་སྤེལ་ལ་རམ་འདེགས་ཐུབ་ཡོད། གསར་གཏོད་ལག་རྩལ་དེ་དག་བཀོལ་སྤྱོད་བྱས་པ་ལས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མ་ཟད་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི་སྲོལ་རྒྱུན་གྱི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་བ་རེད།
འདི་ནི་བོད་བསྐྲུན་སྐྱེ་ཁམས་ཡུལ་སའི་སྡོང་ཕྲུག་གསོ་སྤེལ་རྟེན་གཞིའི་ནང་ལས་དོན་མི་སྣས་ས་བོན་ལེགས་འདེམས་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་ལས་དོན་པས་ལྗང་མྱུག་འདེབས་གསོ་བྱེད་བཞིན་པ།
མིག་སྔར་རང་རྒྱལ་ལ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་9དང་། དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཚོ་འདུས་6 ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་28བཅས་ཡོད་པར་ཐོན་ལས་མཉམ་འདྲེས་ཞིང་འབྲོག་ལས་ཀྱི་ཐོན་ལས་གཙོ་བོར་ཁྱབ་ཡོད། རིག་ནུས་དྲོད་ཁང་དང་། ས་མེད་འདེབས་གསོ། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་པ་སོགས་ལག་རྩལ་རྒྱ་ཁྱབ་ངང་སྤྱད་དེ་ལས་ཕྱོད་ཆེ་རུ་གཏོང་བ་དང་དུས་མཚུངས་སྐྱེ་ཁམས་སྲུང་སྐྱོང་ཐུབ་ཡོད། ལྷུན་རྩེ་རྫོང་གི་དེང་རབས་ཅན་གྱི་གསོ་སྤེལ་ར་བར་དྲོད་སྙོམས་མ་ལག་དང་རིག་ནུས་གཟན་སྦྱིན་སྒྲིག་ཆས་སྤྱད་དེ་འབྲི་གཡག་གསོ་སྤེལ་ཡག་པོ་ཐུབ་པ་དང་། ལྷ་སའི་ལྗང་མྱུག་རྟེན་གཞིའི་རིག་ནུས་དྲོད་ཁང་དུ་ས་མཐོར་འཚམ་པའི་སྤུས་ལེགས་ས་བོན་འདེབས་གསོ་བྱས་ཡོད།
འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་ལག་རྩལ་མཛུབ་ཁྲིད་པ་ཨ་ནན་གྱིས་ས་བོན་འདེབས་གསོ་བྱེད་བཞིན་པ།
ཚན་རྩལ་གསར་གཏོད་ཐུབ་པ་ནས་ཞིང་འབྲོག་ཚན་རྩལ་ལས་དོན་པས་སྙིང་རུས་བརྟན་འཁྱོངས་བྱས་པ་གསལ་བཤད་ཐུབ་ཅིང་། ཚན་ཞིབ་པས་ས་མཐོར་གཞི་ཚུགས་པ་དང་མཐོ་གྲང་གི་ཁོར་ཡུག་ལ་འཚམ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ཁྱབ་གདལ་བས་ཞིང་ནང་མུ་ཁར་བསྐྱོད་དེ་ཞིང་འབྲོག་པས་ཐབས་ཤེས་གསར་པ་ཁོང་དུ་ཆུད་པར་མཛུབ་ཁྲིད་བྱས་པ། ཆེད་ལས་ཞིང་པ་གསར་པས་སློབ་སྦྱོང་ཧུར་ཐག་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། “ཐོན་སློབ་ཞིབ་སྤྱོད”ཟུང་དུ་འབྲེལ་བའི་གསར་གཏོད་མ་ལག་གིས་ཞིང་འབྲོག་ལས་དེང་རབས་ཅན་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད།
འདི་ནི་རིག་ནུས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཞིང་ལས་ཐོན་སྐྱེད་ལ་རམ་འདེགས་བྱེད་བཞིན་པ།
སྲོལ་རྒྱུན་ནས་རིག་ནུས་བར་བོད་ཀྱི་ཞིང་འབྲོག་ལས་ཐད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ས་མཐོའི་ཞིང་ས་གཤིན་པོ་དེར་ཚན་རྩལ་ལས་བྱུང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད་ཅིང་། རྒྱུན་མཐུད་ངང་གསར་གཏོད་གཏིང་ཟབ་བྱེད་པ་དང་སྦྲགས་བོད་ཀྱི་ཞིང་འབྲོག་ལས་ཐད་དེ་བས་ཡངས་པའི་འབྱུང་འགྱུར་བསུ་ངེས་རེད།