དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ནག་ཆུ་གྲོང་ཁྱེར་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་པ།

    “གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”ལས་ ཕྱུག་འགྱུར་གྱི་མདུན་ལམ་བཟང་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-26

    འབྲི་གཡག་ཐོན་ལས་ནི་ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་རེད། ཁག་ཐེག་བྱེད་མཁན་དཀའ་བའི་དབང་གིས་ནག་ཆུའི་ཞིང་འབྲོག་པ་དང་འབྲེལ་ཡོད་བྱེད་པོས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཐེབས་པའི་གནད་དོན་ཐག་གཅོད་བྱ་ཆེད། ནག་ཆུ་གྲོང་ཁྱེར་དངུལ་རྩའི་ལས་ཁུངས་ཀྱིས་གསར་གཏོད་བྱས་ནས་ཕྱུགས་ཟོག་གསོན་པོ་གཏའ་མར་བཞག་སྟེ“གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”ཁྱབ་གདལ་བཏང་ནས་སྲོལ་རྒྱུན་གྱི་ཁག་ཐེག་བྱ་ཐབས་ཀྱི་འཆིང་རྒྱ་ལས་བསྒྲལ་ནས་འབྲི་གཡག་གསོ་སྤེལ་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར། ཞིང་འབྲོག་དུད་ཚང་སོགས་གཉེར་སྐྱོང་བྱེད་པོར་མ་དངུལ་མཉམ་བསྡུའི་ཐབས་ལམ་གསར་གཏོད་བྱས་པ་རེད།

    དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་གོ་རྭ་བཀྲ་ཤིས་གཡང་འཛོམས་འབྲོག་ལས་ཚད་ཡོད་ཀུང་སི་ནི། ནག་ཆུ་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་བའི་འབྲི་གཡག་གསོ་སྤེལ་ཁེ་ལས་ཤིག་ཡིན་པ་དེས་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་གཏོང་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་མ་དངུལ་ཁ་ཐང་བའི་དབང་གིས་ཁེ་ལས་དེ་ཆུ་ཚད་དེ་བས་མཐོ་བར་རིམ་སྤོར་བྱེད་ཐུབ་ཀྱི་མེད། “གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”ཁྱབ་གདལ་བཏང་རྗེས། ཁེ་ལས་ཀྱིས་ལག་ཡོད་འབྲི་གཡག་དེ་དག་གཏའ་མར་བཞག་ནས་དངུལ་བུན་སྒོར་ཁྲི་700གཡར་ཐུབ་ཡོད། མ་དངུལ་དེ་དག་སྤྱད་དེ་ཁེ་ལས་ཀྱིས་རྒྱུད་བཟང་འབྲི་གཡག་དེ་བས་མང་བ་ཉོས་པ་མ་ཟད། ད་དུང་གསོ་སྤེལ་སྒྲིག་བཀོད་ལེགས་སུ་བཏང་ནས་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་ནང་འདྲེན་བྱས་པ་རེད། ད་ཆ་ཁེ་ལས་ཀྱི་གསོ་སྤེལ་གཞི་ཁྱོན་སྔོན་ཆད་ལས་ལྡབ་གཅིག་ལྷག་ཙམ་ཆེ་རུ་ཕྱིན་པ་དང་ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད་པ་རེད།

    “གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”གྱིས་ཡུལ་དེ་གའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་ཐོན་ལས་དེ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། དངུལ་རྩའི་ཞབས་ཞུ་སྒྲུབ་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཐོན་རྫས་གསར་གཏོད་ཁྱབ་གདལ་བཏང་ཚུན་དུ“གྲོང་གསེབ་དར་རྒྱས·འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”ལས་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་གསར་པ་དེ་བས་མང་བར་ཕན་པ་ཐོབ་ཡོད། རིམ་རྩིས་བརྒྱབ་ན། 2025ལོའི་ཟླ་3པའི་ཟླ་མཇུག་བར་དངུལ་བུན་དེས་དངུལ་འབོར་སྒོར་ཁྲི་6744ཟིན་པའི་དངུལ་བུན་ཁག་28བཏང་བར་ཞིང་འབྲེལ་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་བཅས་28ལ་ཕན་ཐོགས་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཁ་ཐང་བའི་གནད་དོན་ཞི་ལྷོད་དུ་ངེས་ཅན་སོང་ཡོད།

    ཞིང་ལས་དངུལ་ཁང་ཨ་མདོ་རྫོང་ཉིང་ལག་དངུལ་ཁང་གིས་དམངས་ཆེད་ཡིད་རྟོན་ཉམས་ཞིབ་ཀྱི་འགན་འཁྲིའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས་བྱང་མ་གྲོང་རྡལ་བྱང་མ་གྲོང་ལྷན་གྱི་དབུལ་སྐྱོར་དཔལ་འབྱོར་མཉམ་ལས་ཁང་ལ“གྲོང་གསེབ་དར་རྒྱས·འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”སྒོར་ཁྲི་500བཏང་ཞིང་། ཕྱུགས་རིགས་གཏའ་མར་བཞག་སྟེ་མཉམ་ལས་ཁང་གིས་ཐོན་སྐྱེད་གཉེར་སྐྱོང་རྒྱ་སྐྱེད་པར་གནད་སྨིན་རམ་འདེགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དེས་གཞི་ཁྱོན་ངེས་ཅན་ལྡན་པའི་འབྲོག་ལས་ཐོན་ལས་གཞི་གཅིག་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་བཙུགས་ནས“རྟེན་གཞི་དང་། མངག་ཐོ། ཕྱིར་ཚོང་དྲ་ཚིགས”བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་བརྒྱུད། སྡེབ་ཚོང་དང་སིལ་ཚོང་ཟུང་དུ་འབྲེལ་བའི་ཚོང་ལམ་བཏོད་པ་དང་། ཕྱུགས་ལས་ཐོན་ཟོག་གཙོ་བོའི་ནང་ཕྱུགས་ཟོག་དང་། ནོར་ལུག་གི་ཤ། མར། ཞོ། ཚགས་ཤ་སྐམ་པོ། ཁྱད་ལྡན་ཕྱུར་བ། ཁུ་ལུ་དང་བལ་སོཌ་ཚུད་ཡོད་ལ། ཁྲོམ་རའི་མདུན་ལམ་ཧ་ཅང་ཡག་པོ་ཡོད།

    “གྲོང་གསེབ་དར་རྒྱས·འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”ཁྱབ་གདལ་དང་ལག་ལེན་བསྟར་བ་དེ་ནི་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ཕན་ཡོད་ལག་ལེན་ཞིག་ཡིན་ཞིང་། དེས་འབྲི་གཡག་ཐོན་ལས་འཕེལ་རྒྱས་རིང་གི་ཁག་ཐེག་དང་མ་དངུལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་མ་ཟད། ནག་ཆུའི་འབྲོག་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད། དངུལ་རྩའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་དང་གསར་གཏོད་བྱས་པ་དང་བསྟུན་ནས“གྲོང་གསེབ་དར་རྒྱས·འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”གྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་ནུས་པ་དེ་བས་ཆེ་བས་ཐོན་ནས། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།