དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོས་ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དུ་བྱས་ནས་དོན་དངོས་དང་མཐུན་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ།

    བཅོས་མཁས་ལམ་བུར་ཏང་དར་ལྷབ་ལྷུབ་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-24

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོར་གཏམ་བཟང་ཞིག་འབྱོར་པ་སྟེ། རང་ལྗོངས་ནས་བདམས་པའི་གྲོང་ཚོ་འབའ་ཞིག་སྟེ། ཤག་ལྷོ་གྲོང་ཚོ་འདི་ཉིད“རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་མཚོན”གྱི་མིང་ཐོར་ཚུད་པས། ཡུལ་མི་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད།

    ཏང་སྤྱི་ཁྱབ་ཀྲི་པུའི་འགོ་ཁྲིད་འོག ཤག་ལྷོ་གྲོང་ཚོའི་འཕེལ་རྒྱས་ལ་ས་གནས་དེ་གའི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་བྱུང་ཞིང་། ཉེ་བའི་ལོ་ཤས་རིང་། ཤག་ལྷོ་གྲོང་ཚོས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དུ་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་དོན་དངོས་དང་མཐུན་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཏང་འཛུགས་སྐྱོང་སྣེ་ཁྲིད་ཀྱི་ཕན་འབྲས་གྲོང་མིའི་རྒྱུན་གཏན་འཚོ་བའི་ཁྲོད་དུ་མངོན་པ་དང་། མང་ཚོགས་ལ“མིག་མཐོང་ལག་ཟིན་གྱི་བདེ་འཇགས་ཚོར་སྣང་དང་ཐོབ་སྣང”དེ་བས་མང་བ་བྱུང་ཡོད།

    ཞིང་འཕྲུལ་མཉམ་ལས་ཀྱིས་ཞིང་པ་ཕྱུག་པོ་ཆགས་པ། ས་ཞིང་བརྒྱུད་བཤུག་གིས་འབབ་འཕར་ལ་སྐུལ་འདེད་ཐུབ་པ།

    ད་ལོའི་དཔྱིད་རྨོད་སྐབས། ཚེ་རིང་དོན་གྲུབ་ཀྱིས་རྨོ་འདེབས་འཕྲུལ་འཁོར་བཏང་ནས་ཁྱིམ་གྱི་ས་ཞིང་རྨོས་རྗེས་དེ་མ་ཉིད་དུ་ཁྱིམ་ཚང་གཞན་ཞིག་གི་ས་ཞིང་རྨོ་བར་བསྐྱོད།

    “གྲོང་ཚོའི་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ང་ལ་ལས་ཀ་བཀོད་སྒྲིག་བྱས་ནས་ངས་སྦྱངས་པའི་རྩལ་ནུས་གོ་ཆོད་སོང” ཚེ་རིང་དོན་གྲུབ་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ལོ་བཞི་སོང་བ་དང་། ལོའི་ཡོང་འབབ་སྒོར་ཁྲི་3ཡན་ཟིན་ནས་ཁྱིམ་གྱི་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཤག་ལྷོ་གྲོང་ཚོས་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་གཙོ་བོར་བྱེད་པ་དང་། འབྲི་གཡག་གསོ་སྤེལ་དང་། གཟན་ཆག་ལས་སྣོན། ས་ཆ་བོགས་མར་གཏོང་བ་སོགས་འདེགས་སྐྱོར་དུ་བྱས་ནས་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་བཏང་ཡོད། 2024ལོར་གྲོང་ཚོ་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཅན་གྱི་རྨོ་འདེབས་ཁྱབ་གདལ་གཏོང་ཚད་95%ཟིན་ཞིང་། མཉམ་ལས་ཁང་གི་ཞབས་ཞུའི་ཁྱབ་ཁོངས་གྲོང་ཚོ་དེ་རང་ནས་རྫོང་ཡོངས་སུ་ཁྱབ་སྟེ“རྫོང་ཁོངས་ཀྱི་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་དང་པོར”གྱུར་ཡོད།

    མཉམ་ལས་ཁང་གིས་ད་དུང་གཉེར་སྐྱོང་མི་ལེགས་པའི་ས་ཞིང་དག་གྲོང་ཚོ་མཉམ་སྡེབ་ལ་བརྒྱུད་བཤུག་བྱས་ཏེ་འཕྲུལ་ཆས་ཅན་གྱི་རྨོ་འདེབས་གཅིག་གྱུར་བྱས་ནས་རྨོ་ཞིང་ཐ་རྒོད་དང་སྐྱུར་ཞིང་དུ་འགྱུར་བར་གཏན་འགོག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཤག་ལྷོ་གྲོང་ཚོར་གྲོང་མི་ཕྱིར་གླ་པར་བསྐྱོད་པ་དང་། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་དཀོན་པ། རྨོ་ཞིང་ཁ་ཐོར་དང་ཐག་རིང་བ་སོགས་ཀྱིས་རྐྱེན་པས་བེད་མེད་དུ་ལུས་པའི་ས་ཞིང་མུའུ་450ཚང་མ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ས་ཞིང་བརྒྱུད་བཤུག་དང་མཉམ་ལས་ཁང”ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཁོར་སྐྱོད་བྱས་པས། འབྲུ་རིགས་རྨོ་འདེབས་འགན་ལེན་བྱུང་བ་མ་ཟད། གྲོང་མིའི་འབབ་འཕར་གྱི་ཐབས་ལམ་སྣ་མང་ཅན་ཡང་མངོན་འགྱུར་བྱུང་ཡོད།

    “འབྲས་དཀར”འཁྲབ་ནས་དམངས་སེམས་གཅིག་ཏུ་འདུས། གྲོང་སྲོལ་དམངས་ཆིངས་བཅོས་སྐྱོང་སྐུལ་མ་བཏང་།

    ཤག་ལྷོ་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་པ་བློ་བཟང་ཡོན་ཏན་སློབ་ཆེན་འགྲིམ་སྐབས་གླུ་གར་འཁྲབ་སྟོན་ལ་མཁས་པོ་ཡོད་པ་དང་། ལས་ཀར་ཞུགས་རྗེས་གྲོང་ཚོའི“གསར་བརྗེའི་འབྲས་དཀར”འཁྲབ་སྟོན་རུ་ཁག་གི་ཁོངས་མི་གཅིག་ལྕོགས་བྱས་ཏེ། 《དུས་རབས་གསར་པར་བསྟོད་གླུ་ལེན》དང《མི་སྡོད་ཁོར་ཡུག་བཅོས་སྒྲིག》སོགས་ཀྱི་ལེ་ཚན་ཕབ་ལེན་ནང་ཞུགས་པ་རེད། “‘གསར་བརྗེའི་འབྲས་དཀར’འཁྲབ་སྟོན་གྱིས་ཡུལ་མི་ཚོའི་ཉེ་འགྲམ་གྱི་འགྱུར་ལྡོག་མཚོན་པ་མ་ཟད། ‘མན་ངག’གི་རྣམ་པའི་ཐོག་ནས་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་ཀྱང་བྱེད་ཀྱི་ཡོད་པས། དྲིལ་བསྒྲགས་དེ་རིགས་ཚོགས་འདུ་འཚོགས་པ་དང་ཡིག་ཆ་ཀློག་པ་ལས་ཕན་ཐོགས་ཆེ་བ་འདུག”ཅེས་བློ་བཟང་ཡོན་ཏན་གྱིས་མྱོང་ཚོར་ཟབ་མོས་བཤད།

    2010ལོ་ནས་བཟུང་། ཤག་ལྷོ་གྲོང་ཚོས་སྲོལ་རྒྱུན་རིག་གནས“འཁྲབ་སྟངས་གསར་པའི”རྣམ་པ་ནས་འཁྲབ་སྟོན་བྱས་ཤིང་།“གསར་བརྗེའི་འབྲས་དཀར”གྱི་འཁྲབ་སྟོན་རུ་ཁག་དང“གསར་བརྗེའི་གླུ་གཞས་བརྒྱུད་གཏོང་རུ་ཁག” “གསར་བརྗེའི་གཏམ་རྒྱུད”ཀྱི་སྒྲོག་འགྲེལ་རུ་ཁག་བཅས་བཙུགས་ནས་སྐོར་འཁྲབ་ཐེངས་300ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་ནས། མང་ཚོགས་ཀྱི་དྲིལ་བསྒྲགས་ལས་དོན་གསོན་ཉམས་དོད་ལ་ནུས་ལྡན་སྤེལ་ཐུབ་པ་བྱུང་སྟེ། 2022ལོར་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྐྱོད་གསུམ”གྱི་བྱེད་སྒོའི་ཕུལ་བྱུང་ཚོགས་པའི་མཚན་སྙན་ཐོབ་ཡོད།

    ཤག་ལྷོ་གྲོང་ཚོས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་གཏན་གྱི་བདེ་འཇགས་ངང་གློག་དང་སོལ་རླངས་སྤྱོད་པ་ནས་སྤྱི་ཚོགས་ཐོག་གི་རྒྱན་འགྱེད་དང་མེ་སྐྱོན་སྔོན་འགོག་བྱེད་པའི་བར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲོང་སྲོལ་དམངས་ཆིངས་ལ་བརྟེན་ནས་གྲོང་མི་རྣམས་ཀྱིས་རང་ངོས་དོ་དམ་བྱེད་པར་ཁྲིད་སྟོན་བྱས་པ་དང་། “རྗེས་ལུས་ཕྱིར་འབུད་པའི”ལམ་ལུགས་ལ་བརྟེན་ནས་དུད་འབྲེལ་སྤྱི་མིས་འགན་འཁྲི་བསྒྲུབས་པར་སྐུལ་མ་བཏང་སྟེ། ལོ་མང་རིང་གྲོང་ཚོའི་ས་ཁོངས་ནང་བདེ་འཇགས་དོན་རྐྱེན་དང་འགལ་བ་དང་རྩོད་གཞི་མི་ཐོན་པ་རྒྱུན་འཁྱོངས་བྱས་ཡོད།

    ཏང་ཡོན་དང་མང་ཚོགས་ལག་གདང་སྦྲེལ་ནས་དཀའ་གནད་སེལ། གྲོང་གསེབ་དར་རྒྱས་གཏོང་བའི་ལེའུ་གསར་རྩོམ།

    ཉེ་བའི་ལོ་ཤས་རིང་། ཤག་ལྷོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། “དྲོ་སྐྱིད་ཚོར་བའི་བཅོས་སྐྱོང”དར་སྤེལ་བཏང་ཞིང་། ཕྱོགས་གཅིག་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱིས་དུད་འབྲེལ་གྱི་རྣམ་པའི་ཐོག་ནས་དུད་ཚང་ལ་རོགས་སྐྱོར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས“སྟོང་ལོག”མི་ཡོང་བ་བྱས་ཏེ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ“གཅིག་སེམས་གཅིག་སྒྲིལ”དངོས་འབྲེལ་ཐུབ་པར་བྱས་ཡོད།

    ཉེ་འགྲམ་ཏང་ཡོན་གྱི“དགེ་མཚན”སྐོར་གླེང་སྐབས། ཡུལ་མི་ཆོས་སྐྱིད་ཀྱིས“ཁོང་ཚོ་ནི་ང་ཚོའི་གཉེན་ཉེ་དང་གཅིག་པ་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད། 2022ལོར་ཆོས་སྐྱིད་ཀྱིས་ཁྱིམ་དུ་འཕྲུལ་ཆས་བཀོལ་སྤྱོད་ཡག་པོ་མ་ཤེས་པའི་དབང་གིས་རྨས་སྐྱོན་ཕོག་པས། དུད་འབྲེལ་ཏང་ཡོན་གྱིས་རླངས་འཁོར་བཏང་ནས་ཁོ་མོ་སྨན་ཁང་དུ་བསྐྱལ་བ་མ་ཟད། མགོ་ནས་མཇུག་བར་རོགས་པ་བྱས་ནས་བསྡད། ཁོ་མོའི་ལག་པའི་རྨ་ཁ་ཚབས་ཆེ་བས་རྫོང་མི་དམངས་སྨན་ཁང་ནས་སྨན་བཅོས་རགས་ཙམ་བྱས་རྗེས། མྱུར་དུ་ལྷ་སར་སྨན་བཅོས་བྱེད་པར་བསྐྱལ་བས་མཐར་ཁོ་མོའི་ལག་པ་གཅོད་དགོས་བྱུང་མེད།

    དཔེ་མཚོན་དེ་ལྟ་བུ་ཤག་ལྷོ་གྲོང་ཚོར་ད་དུང་མང་པོ་ཡོད། ཤག་ལྷོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱིས། ཏང་རྩ་འཛུགས་དང་ཏང་ཡོན་ནི་མང་ཚོགས་ཀྱི་ཆེས་བློས་འགེལ་ཆོག་པ་དང་ཆེས་འགྱུར་མེད་སྟོབས་ལྡན་གྱི་རྟེན་ས་ཡིན། ང་ཚོས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། མང་ཚོགས་ཀྱི་རེ་འདུན་ཚང་མར་ལན་སློག་པ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཐག་གཅོད་བཅས་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་གི་ལས་དོན་ཁག་ལ་རྩ་ཆེ་ཤོས་ཀྱི་མང་ཚོགས་ཀྱི་རྨང་གཞི་འཐོབ་ཏུ་འཇུག་རྒྱུ་ཡིན། “ཏང་རྩ་འཛུགས་དང་ཏང་ཡོན་མདུན་གྲལ་དུ་བསྐྱོད་ནས་དཔེ་སྟོན་བྱས་ཚེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་དུས་བཟང་འཆར་ངེས་རེད”ཅེས་བློ་རྩ་བརྟན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།