བོད་ཀྱིས་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ།
གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་སྤེལ་ནས་ལོ་གསུམ་སོང་རིང་བྱ་སྤྱོད་དེའི་སྤུས་ཚད་དང་། ཁྱབ་རྒྱ། ཕན་འབྲས་བཅས་ཆེ་ཏུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཚོད་ལྟའི་གྲོང་ཚོ(གྲོང་ལྷན)300ནས་གྲོང་ཚོ(གྲོང་ལྷན)4660བར་རྒྱ་སྐྱེད་བཏང་ནས་ཤེས་དཔལ་གྱི་སྲོལ་གསར་གངས་ལྗོངས་སུ་དར་བ་དང་སྡོད་མལ་ཁོར་ཡུག་གི་རྣམ་པ་གསར་པ་རགས་ཙམ་མངོན་འགྱུར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཟོས་ཤིང་། ཤེས་དཔལ་གྱི་སྲོལ་གསར་འཛུགས་པ་དང་། ལུགས་རྙིང་སྲོལ་ངན་དོར་བ། གྲོང་སྲོལ་དམངས་ཆིངས་བཟོ་བ་སོགས་ལ་དམིགས་ནས། ནུས་ཤུགས་ཡོད་རྒུས་གྲོང་གསེབ་བཅོས་སྐྱོང་གི་དཀའ་གནད་བསལ་ཏེ་དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་བཏང་ཡོད།
བྱ་སྤྱོད་སྤེལ་རིང་། རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གཞི་རིམ་བཅོས་སྐྱོང་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་གྱི་གྲོང་གསེབ་བཅོས་སྐྱོང་དྲིལ་བསྒྲགས་ཀྱི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་དང་། གྲོང་ཚོ་ཚན་པར་བྱས་ནས་ཟླ་རེར་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་བྱེད་སྒོ་ཐེངས་རེ་དང་ཏང་གི་སྲིད་ཇུས་དང་ཤེས་དཔལ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་རེ་སྤེལ་བ། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་དྲིལ་བསྒྲགས་ཐེངས་ཁྲི་7.4ལྷག་ཙམ་བྱས་ཡོད། རིགས་ཁག་གི་འཛུགས་གཏོད་དཔྱད་འདེམས་གཟེངས་བསྟོད་ཐེངས་7570བྱས་ཡོད།
“ངོ་རྒོལ་དྲུག་དང་དར་སྤེལ་དྲུག”གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་ལ་བྱ་སྤྱོད་ཀྱི་ཚད་གཞི་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ཡོད། སྲོལ་གསར་འཛུགས་པའི་དཔྱད་བསྡུར་དང་། བག་མ་བསུ་ལེན་དང་གཤིན་པོའི་འདས་འཇུག་སྒྲུབ་པ། འཆལ་རྒྱན་དུག་གསུམ་གཏན་འགོག ནག་སེལ་གཤེད་བཅོམ། ཤེས་དཔལ་ཁྱིམ་ཚང་འཛུགས་གཏོད་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)4797གྱི་གྲོང་སྲོལ་དམངས་ཆིངས་ལ་བཟོ་བཅོས་བརྒྱབ་ཡོད། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་སྒྱུར་བཀོད་རིམ་སྤོར་དང་ནུས་ཁུངས་བསྡུ་སྒྲིལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོ་རིམ་པའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་4627དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་4729 དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་རུ་ཁག་17921བཅས་བཙུགས་པ་དང་གྲོང་ཚོ(གྲོང་ལྷན)1011ལ་གྲོང་གསེབ་ཀྱི་ཁྱད་ལྡན་རིག་གནས་སྤུས་རྟགས་བཏོད་ཡོད།
རང་ལྗོངས་ཀྱིས“བློ་སྦྱོང”དང“གཟུགས་བརྙན་གཏོད་པ”མཉམ་སྤེལ་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་དང་གྲོང་གསེབ་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ས་མཐོའི་མཛེས་མཐུན་གྲོང་གསེབ་820བསྐྲུན་ཡོད། རིམ་རྩིས་བརྒྱབ་ན་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྦྲེལ་མཐུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་80ལྷག་ཙམ་བཏང་ནས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྣམ་གྲངས་1700ལྷག་ཙམ་ལག་བསྟར་བྱས་ཡོད། སྒོ་ཕྱུགས་དང་ཁྱིམ་བྱ་གླིང་ཁུལ་དུ་གསོ་བ་དང་མཉམ་ལས་ཅན་གྱི་གཉེར་སྐྱོང་དར་སྤེལ་ཧུར་ཐག་བཏང་ཞིང་། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་དུད་ཚང་ཁྲི་50ལ་མི་ཕྱུགས་ལོགས་དབྱེ་བྱས་པ་དང་ལོགས་དབྱེ་བྱེད་ཚད་90%ཟིན་ཡོད། གསང་སྤྱོད་གསར་བརྗེར་མུ་མཐུད་སྐུལ་འདེད་བཏང་ནས་ཆུ་འབེལ་སར་ཆུ་བཤལ་གཏོང་བའི་གསང་སྤྱོད་རྒྱག་པ་དང་ཆུ་དཀོན་སར་ལུད་གསོག་གསང་སྤྱོད་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་དུད་ཚང་ཁྲི་43ལ་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་ཁྱབ་གདལ་གཏོང་ཚད་80.3%ཟིན་ཡོད།