དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཐབས་བཟང་མཉམ་དུ་སྤྱད། གཞོན་ནུའི་བྱ་གཞག་སྒྲུབ།

    གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་སྣ་མང་ཅན་གྱི་གཞོན་ནུའི་གཡུལ་ས་བསྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    འདི་ནི་སྡེ་ཁུལ་གྱི་ལས་དོན་པས་ཉོ་སྐྱེལ་བར་རིན་མེད་ངང་སྨན་སྤྲོད་བཞིན་པ།

    འདི་ནི་མྱུར་སྐྱེལ་བས་ས་ཚིགས་ཀྱི་ཝེ་པོ་ཚ་ཐབ་སྤྱད་དེ་ལྟོ་ཆས་ཚ་པོ་བཟོ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང(གཤམ་ལ“སྡེ་ཚོགས་ལྷོ་ཁ་གྲོང་ཨུད”ཅེས་བསྡུ་རྒྱུ)གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྩ་བའི་ལས་འགན་དང་། ཆབ་སྲིད་ཀྱི་འགན་འཁྲི། ལས་ཀའི་གཙོ་རྐང་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། གཞོན་ནུ་སྣེ་ཁྲིད་གཅིག་སྡུད་དང་། གཞོན་ནུ་སྒྲིག་འཛུགས་སྐུལ་སློང་། གཞོན་ནུར་འབྲེལ་གཏུག་ཞབས་ཞུ་བཅས་ཀྱི་འགན་འཁྲིའི་ནུས་པ་ལག་བསྟར་ཏན་ཏིག་བྱེད་པ། གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་གོ་སྐབས་སུ་བརྩི་བ། དུས་རབས་གསར་པའི་གཞོན་ནུ་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་བཅས་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཐེག་ཁུར་དངོས་སྒྲུབ་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་སྣ་མང་ཅན་གྱི་གཞོན་ནུའི་གཡུལ་ས་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    “གཞོན་ནུའི་འཕེལ་རྒྱས”ལ་དམིགས་ནས། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།

    སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རང་ཉིད་ཀྱི་ཉལ་ཁང་མེད་པ་དང་སློབ་སྦྱོང་ཁོར་ཡུག་ཞན་པའི་གནས་ཚུལ་ལ་དམིགས་ནས། གནས་ཚུལ་མཐིལ་རྟོགས་དང་། ཚོད་ལྟར་དམ་འཛིན། འགག་སྒོ་ནན་སྲུང་བཅས་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་སྔོན་ལ“རེ་བའི་བར་མཐོངས། ཕུགས་འདུན་བསྒྲུབ་པའི”རྣམ་གྲངས་ལག་བསྟར་བྱས་ཏེ། སྔར་ཡོད་སྡོད་ཁང་ཉམས་བཟོ་བྱས་ནས་སློབ་མ་རེར་ཁང་པ་རེ་སྤྲད་པ་མ་ཟད། དགོས་ངེས་ཀྱི་ཁྱིམ་ཆས་དང་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སྒྲིག་སྦྱོར་བྱས་པ་རེད། དང་བླངས་པ་དང་མཐུན་སྦྱོར་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་ཧུར་ཐག་བྱས་ནས། རོགས་རམ་བྱ་ཡུལ་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་དང་ཆབས་ཅིག འཚར་ལོངས་ཁྲོད་ཀྱི་དཀའ་གནད་ཀྱང་ཐག་གཅོད་བྱས་པས། “ཁང་ཆུང་གསར་རྐྱང་དུ་གྱུར་པ”ནས“སྙིང་སྟོབས་ཆེར་སྐྱེད”བར་གྱི་འགྱུར་ལྡོག་བྱུང་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན། སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་རིམ་རྩིས་བརྒྱབ་ན་དངུལ་སྒོར་ཁྲི་308གྲབས་གསོག་བྱས་ནས་ཁང་མིག་རྐྱང་པ་308བསྐྲུན་པའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང(གྲོང་ཁྱེར)དུ་ཁང་མིག་རྐྱང་པ་127བསྐྲུན་ཡོད་པ་རེད།

    གཞན་ཡང་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་མ་དངུལ་སྒོར་ཁྲི་21ལྷག་ཙམ་བཏང་ནས། མིག་སྔའི་ལྗོངས་ཡོངས་ཀྱི་གཞུང་གི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་སེམས་ཁམས་ཞབས་ཞུའི་སྒྲིག་གཞི་དང་པོ་དེ་བཙུགས་ནས། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་དང་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་སོགས་ཐད་གཞོན་ནུ་ལོ་ཆུང་ལ“གཅིག་འཐུས་རྣམ་པའི”སེམས་ཁམས་བདེ་ཐང་གི་ཞབས་ཞུའི་བྱེད་ཐབས་སྤྱད་ནས་འཚར་ལོངས་ཁྲོད་འཕྲད་པའི་དཀའ་ངལ་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱས་ཡོད།

    “གཞོན་ནུའི་གསོན་ཤུགས”འཕེལ་བར་བྱས་ནས། གཞོན་ནུ་ལོ་ཆུང་གི་བསམ་བློ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

    རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་དེ་བས་ཡག་པོ་བྱེད་པར་ཁྲིད་སྟོན་བྱ་ཆེད། སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་དང་། གྲོང་ཁྱེར་སློབ་གསོ(ལུས་རྩལ)ཅུས། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་བཅས་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་མཉམ་དུ་གཙོ་གཉེར་བྱས་ཡོད། འགྲན་བསྡུར་བྱས་པ་བརྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བཅས་བྱས་པ་མ་ཟད། སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེའི་ནང་མཉམ་འདྲེས་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་གཞོན་ནུ་གསར་པར་འཚར་ལོངས་ཡོང་བ་བྱས་ཡོད།

    གཞན་ཡང་། སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་ད་དུང་གྲ་ནང་རྫོང་མི་དམངས་སྲིད་གཞུང་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་གྱི་ས་མཐོའི་གཞོན་ནུའི་སྒྱུ་རྩལ་བྱེད་སྒོ་སྐབས་དང་པོ་གཉེར་ནས། ལྷོ་ཁ་གྲོང་ཁྱེར་གྱི་དུས་རབས་རང་བཞིན་དང་། ལང་ཚོའི་ཉམས་འགྱུར། རྒྱུན་མཐུད་ཆོག་པ། སྐད་གྲགས་ཆོད་ཐུབ་པ་བཅས་ཀྱི་སྤུས་རྟགས་བྱེད་སྒོ་སྔར་བས་བཏོད་དེ་ལྷོ་ཁའི་མངོན་མིན་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ལང་ཚོའི་སྟོབས་ཤུགས་མཉམ་གནས་ཐུབ་པར་བྱས་ནས། གཞོན་ནུ་དེ་བས་མང་བ་ཡར་ཀླུང་རིག་གནས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཞུགས་པར་བར་མཐོངས་མཁོ་འདོན་བྱས་ཡོད།

    “གཞོན་ནུར་ཞབས་འདེགས”ཞུས་ནས། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་མཐོ་ས་གསར་པ་བཏོད་པ།

    སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་ཕྱོགས་མང་པོའི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་དངུལ་སྒོར་ཁྲི་12གྲབས་གསོག་བྱས་ཏེ། སྣེ་གདོང་ཆུས་བྱེ་ས་ཁྲོམ་གཞུང་སྐར་དམར་སྡེ་ཁུལ་དུ་གཞོན་ནུ་ཤེས་ལྡན་པའི་ས་ཚིགས་16བཙུགས་ཡོད། ས་ཚིགས་སུ་དཔེ་དེབ་ཁང་དང་། ཀོག་ཧྥེ་ཁང་། ལུས་སྦྱོང་ཁང་། སྣེ་ལེན་ཁང་། རང་སྦྱོང་ཁང་སོགས་བསྐྲུན་པས་སློབ་སྦྱོང་དང་། ལུས་སྦྱོང་། སྤྱི་ཚོགས་ཀྱི་འབྲེལ་བ་སོགས་གཞོན་ནུའི་སྣ་མང་ཅན་གྱི་དགོས་མཁོ་གང་ལེགས་བསྐངས་ཡོད། དེ་དང་ཆབས་ཅིག “གཅིག་འཐུས་རྣམ་པའི”གནས་སྐབས་ཞག་སྡོད་དང་། ལས་ཞུགས་ལས་གཏོད་མཛུབ་ཁྲིད། གསོ་སྦྱོང་སྤེལ་རེས། སྤྱི་ཚོགས་ཀྱི་ལག་ལེན་སོགས་ཀྱི་ཞབས་ཞུར་བརྟེན་ནས་གཞོན་ནུ་ཤེས་ལྡན་པ་བློ་བདེ་པོའི་ངང་ལས་གཏོད་དང་ལས་སྒྲུབ་ཐུབ་པར་བྱས་ཏེ་ཤེས་ལྡན་པ་ལྷོ་ཁར“གནས་ཐུབ་པ”དང་དེ་བས“སེམས་ཆགས་ཐུབ་པ”བྱས་ཡོད།

    གཞན་ཡང་། གཞོན་ནུ་ཚོགས་སྤྱིའི་ཟ་མའི་དཀའ་གནད་དང་རིན་གོང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་དངུལ་སྒོར་ཁྲི་15གྲབས་གསོག་བྱས་ཏེ་སྨི་ངོས་གྲུ་150ཙམ་ཡོད་པ་དང་ཉིན་ལྟར་མི་200ལ་སྣེ་ལེན་ཞུ་ཐུབ་པའི“གཞོན་ནུའི་ཟ་ཁང”དང་པོ་དེ་བཙུགས་ཡོད། ཟ་ཁང་གིས་དུས་ཐོག་ཏུ་ཉིན་གཅིག་གི་ལྟོ་དུས་གསུམ་མཁོ་འདོན་བྱེད་པ་མ་ཟད། ད་དུང་ཁ་ལག་ལེགས་ལ་རིན་གོང་དམའ་བ་དང་ཚལ་སྣ་འཛོམས་པས་གཞོན་ནུ་ཚོའི་དགའ་བསུ་ཐོབ་ཡོད། ཉོ་སྐྱེལ་བ་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། ཁོར་ཡུག་གཙང་སྦྲ་བ་སོགས་ལས་རིགས་ཁག་གི་ཁ་ལག་གི་དགོས་མཁོ་བསྐངས་པ་དང་དུས་མཚུངས། གཞོན་ནུ་ཚོགས་པ་ཁག་གཅིག་གི་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་དངོས་ཐག་གཅོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།