དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་། འཕེལ་རྒྱས་ཡོང་འབབ་མཉམ་དུ་ལོངས་སུ་སྤྱད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ས་ཁོངས་ཁག་གི་ཞིང་འབྲོག་པས་བགོ་འགྲེམས་བླངས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    འདི་ནི་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་རྒོད་གསར་སྡེ་ཁུལ་གྱི་མང་ཚོགས་ཀྱིས་རྐང་དབང་ལག་ཁྱེར་ལ་བལྟས་ནས་རང་ཁྱིམ་ལ་ཡོང་འབབ་བགོ་འགྲེམས་ག་ཚོད་རག་ཡོད་མེད་རྩིས་རྒྱག་བཞིན་པ།

    འདི་ནི་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་སྣེ་གདོང་སྡེ་ཁུལ་གྱི་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བགོ་འགྲེམས་ཡོང་འབབ་ལེན་བཞིན་པ།

    འདི་ནི་སྣེ་གདོང་ཆུས་སོ་དྲུག་ཤང་གི་བཟའ་བཅའ་དང་སྨན་རྫས་ལ་སྤྱོད་པའི་ཤ་མོའི་ཀུང་སིའི་ལས་དོན་པས་ཤ་མོའི་ཐུམ་སྒྲིལ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ས་ཁོངས་ཁག་གི་ཞིང་འབྲོག་པས་གཅིག་རྗེས་གཉིས་མཐུད་ངང་བགོ་འགྲེམས་བླངས་ནས་རྩིས་རྒྱག་འགོ་ཚུགས་པ་དེ་གྲོང་གསེབ་ཐུན་མོང་ཕྱུག་འགྱུར་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད།

    སྣེ་གདོང་ཁྲོམ་གཞུང་རྒོད་གསར་སྡེ་ཁུལ་གྱི་2024ལོའི་ཡོང་འབབ་བགོ་འགྲེམས་རྒྱག་པའི་མཛད་སྒོ་ཚོགས་ཡུལ་དུ་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་པ་དང་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཉམ་དུ་འཛོམས་ཏེ། སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་ཐུན་མོང་ཐོག་དཔང་པོ་བྱས་པ་དང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་ཡོང་འབབ་བགོ་འགྲེམས་བརྒྱབ་པས་མང་ཚོགས་ཀྱི་ངོ་གདོང་ནས་འཛུམ་མདངས་ཕྱུར།

    བགོ་འགྲེམས་རག་པའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བསྔགས་བརྗོད་བྱས་པ་དང་ཆབས་ཅིག མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་ཚང་མར་ཕན་པ་ཐོབ་པའི་སྐོར་ཡང་ཡང་གླེང་།

    རྒོད་གསར་སྡེ་ཁུལ་གྱི་ཆེད་བསྐོས་ལག་བྱེད་པ་ལྷག་ཆུང་གིས་གསར་འགོད་པར། རྒོད་གསར་སྡེ་ཁུལ་དུ་2019ལོའི་ཟླ་9པར་གྲོང་གསེབ་ཀྱི་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལེགས་གྲུབ་བྱུང་རྗེས། སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་འབྲེལ། 2020ལོའི་ཟླ་10པར་སྒོ་བྱང་འགེལ་བ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཡང་འཚོགས་ཡོད། མཉམ་ལས་ཁང་གི་མ་རྐང་དེ་མི་འབོར་མ་རྐང་དང་རྨོ་ཞིང་མ་རྐང་གཉིས་སུ་ཕྱེ་བ་དང་། མ་རྐང་བསྡོམས་འབོར་1672ཡིན་པ། འབབ་ཁུངས་གཙོ་བོ་བསོད་དམ་ཀུང་སིར་མ་འཇོག་བྱས་པ་དང་། ཤིན་ལུའུ་སྣུམ་སྙིགས་སྲུབ་དཀྲུག་ས་ཚིགས་ཀྱི་ཡོང་འབབ། བེད་མེད་སྡོད་ཁང་གི་བོགས་དངུལ། སྔོ་ཚལ་དྲོད་ཁང་གི་བོགས་དངུལ་སོགས་ཡོད། མིག་སྔར་མཉམ་ལས་ཁང་ལ་ཁོངས་མི་479ཡོད།

    “ཁོངས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་མཉམ་ལས་ཁང་གི་གཉེར་སྐྱོང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་2024ལོར་ཡོང་འབབ་བསྡོམས་སྒོར་ཁྲི་467ཟིན་ཡོད། ད་ཐེངས་དུད་ཚང་171གི་མང་ཚོགས་ལ་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་241ལྷག་ཙམ་བགོ་འགྲེམས་བརྒྱབ་ཅིང་། གྲོང་གསེབ་དར་རྒྱས་གཏོང་རིང་གི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། མཉམ་སྡེབ་ལ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད”ཅེས་ལྷག་ཆུང་གིས་ངོ་སྤྲོད་བྱས།

    དེ་དང་འདྲ་བར་རྩེད་ཐང་ཁྲོམ་གཞུང་སྟར་ཤིང་སྡེ་ཁུལ་གྱི་2024ལོའི་ལོ་འཁོར་གྱི་ཡོང་འབབ་བགོ་འགྲེམས་རྒྱག་པའི་མཛད་སྒོ་ཚོགས་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཡུལ་མི་རྣམས་མཉམ་དུ་འཛོམས་ནས་མཉམ་སྡེབ་དཔལ་འབྱོར་ལས་བྱུང་བའི་ཡོང་འབབ་དགའ་དགའ་སྤྲོ་སྤྲོའི་ངང་བླངས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོར་སྟར་ཤིང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་སྒོར་ཁྲི་3100ཟིན་པ་དང་མང་ཚོགས་མི་ཐེངས་2400ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། ད་ཐེངས་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་560ལྷག་ཙམ་བགོ་འགྲེམས་བརྒྱབ་པ་དང་ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་626ལྷག་ཙམ་སྤྲད་ཡོད།

    སྟར་ཤིང་སྡེ་ཁུལ་གྱི་ཐོན་ལས་ཡོང་འབབ་བགོ་འགྲེམས་བརྒྱབ་པ་དེ་ཐོག་ནས་སྣེ་གདོང་ཆུས་ཀྱི་གྲོང་གསེབ་དང་ཞིང་ལས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་མཚོན་ཞིང་། 2006ལོའི་ཚུན་དུ་སྟར་ཤིང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་པ་སྟེ། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཐོག་མའི་སྒོར་3000ནས་ད་ལྟའི་སྒོར་ཁྲི་3100བར་མང་དུ་ཕྱིན་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཐོག་མའི་སྒོར་500ནས་ད་ལྟའི་སྒོར་8500བར་མང་དུ་ཕྱིན་པ། ལོ་རེའི་མཉམ་སྡེབ་ཡོང་འབབ་ཐོག་མའི་སྒོར་ཁྲི་40ལྷག་ཙམ་ནས་ད་ལྟའི་སྒོར་ཁྲི་1000ཡན་བར་མང་དུ་ཕྱིན་ཡོད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཞིང་འབྲོག་ཁུལ་མང་ཆེ་བ་དང་འདྲ་བར་སོ་དྲུག་ཤང་དུའང་དབྱར་ཁ་བརླན་གཤེར་ཆེ་ལ་དྲོ་གྲང་སྙོམས་པ་དང་། དགུན་ཁ་གྲང་ངར་ཆེ་ལ་སྐམ་ཤས་ཆེ་ཙམ་ཡོད། དེ་གའི་ཁྱད་ཆོས་བརྗོད་ན། མི་རེས་ཆ་སྙོམས་བཟུང་བའི་རྩྭ་ཐང་དང་ནགས་སའི་རྒྱ་ཁྱོན་གྱི་བསྡུར་ཚད་ཅུང་མང་ཞིང་། དེ་གར་རྩྭ་ར་མུའུ་ཁྲི་50ཙམ་དང་ནགས་ས་མུའུ་ཁྲི་30ལྷག་ཙམ་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་ཞིང་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་སྔར་ནས་ད་བར་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ཤང་ཡོངས་ཀྱི་དུད་ཚང་659ཡི་མང་ཚོགས་ཚོས་འབྲོག་ལས་གཙོ་བོར་བྱས་པའི་ས་མ་འབྲོག་གི་འཚོ་བ་སྐྱེལ་གྱི་ཡོད།

    “འཕེལ་རྒྱས་ཀྱི་ཆ་རྐྱེན་མེད་ན་རང་ཉིད་ཀྱིས་སྐྲུན་དགོས”ཤང་ཏང་ཨུད་ཚན་ཁག་གཅིག་གི་མི་སྣས་རྩྭ་ར་དང་ནགས་ས་རྒྱ་ཆེ་བའི་ས་ཁོངས་ཀྱི་ལེགས་ཆར་དམ་འཛིན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་བར་རོགས་རམ་བྱས་པ་རེད། 2018ལོར་རྒྱལ་ཡོངས་སུ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་རླབས་རྒྱུན་ཆེན་པོའི་ཁྲོད། ཤང་གིས“ཤང་རེར་ཐོན་ལས་རེའི”ལེའུ་ཡག་པོ་རྩོམ་པར་དམིགས་ནས། ཤང་གིས་སྒོར་ཁྲི་65གྲབས་གསོག་བྱས་པ་དང་སྲིད་འཛིན་གྲོང་ཚོ་ཁག་གིས་སྒོར་ཁྲི་2བཏང་སྟེ། འབྲོག་ལས་ཐོན་རྫས་དང་ནགས་ཁྲོད་ཐོན་ཁུངས་གཙོ་གཉེར་བྱེད་པའི་གྲོང་ཚོའི་ཀུང་སི་སྟོབས་ཆེན་ཞིག་བཙུགས་ཡོད། གྲོང་ཚོའི་ས་ཁོངས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། སོ་དྲུག་ཤང་གིས་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་འཚོལ་ཞིབ་བྱས་པ་སྟེ། ཤང་གི་ལས་བྱེད་པ་གཅིག་བདམས་ནས་ཀུང་སིའི་གཉེར་སྐྱོང་དོ་དམ་གྱི་འགན་གཙོ་བོ་འཁུར་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་རྐང་འཇོག་པ་དང་འབྲེལ་གཉེར་སྐྱོང་དོ་དམ་ནང་ཞུགས་པ། སྲིད་འཛིན་གྲོང་ཚོ་4ཡི་ཁེ་ཕན་མཉམ་སྤྱོད་དང་། ཉེན་ཁ་མཉམ་འཁུར། དཔུང་སྒྲིག་འཕེལ་རྒྱས་བཅས་བྱས་ཡོད།

    ཀུང་སི་བཙུགས་པ་དང་གཉེར་སྐྱོང་བྱས་ནས་ལོ་དྲུག་སོང་རིང་། འབྲི་གཡག་དང་བོད་ཕག་གསོ་ཚགས་དང་ཤ་རིགས་ཕྱིར་ཚོང་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་ལོ་ལྟར་ཡོང་འབབ་འཕར་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད། 2024ལོ་ཁོ་ནར་ཡོང་འབབ་སྒོར་ཁྲི་114.6བྱུང་བ་མ་ཟད། ཡོང་འབབ་མང་ཆེ་བ་མུ་མཐུད་དེ་གསོ་ཚགས་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བར་སྤྱད་ཡོད། དེ་དང་ཆབས་ཅིག་ལས་སྒོའི་གཉེར་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་འབྲེལ་གཉེར་སྐྱོང་དོ་དམ་གྱི་དོན་དངོས་གཞིར་བཟུང་། 2022ལོར་ཡན་ལག་ཀུང་སི་བཙུགས་ནས་ནུས་ཤུགས་གཅིག་སྡུད་ཀྱིས་བཟའ་བཅའ་དང་སྨན་རྫས་ལ་སྤྱོད་པའི་ཤ་མོའི་ཐོན་ལས་གསར་པ་འཕེལ་རྒྱས་བཏང་ཡོད།

    “མ་གཞི་ད་ལྟ་ཡོང་འབབ་བགོ་འགྲེམས་བརྒྱབ་པ་མང་པོ་མེད་མོད། འོན་ཀྱང་ཚང་མས་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ལ་བསྒྲིལ་ཚེ་ཀུང་སིའི་ཕན་འབྲས་ཇེ་ཆེར་འགྲོ་ངེས་ཡིན་ལ། ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ཡོང་འབབ་བགོ་འགྲེམས་རྒྱག་ཡུལ་དུ་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་སོ་སོའི་བསམ་ཚུལ་བཤད།

    བགོ་འགྲེམས་བརྒྱབ་པའི་ཡོང་འབབ་དེ་དག་ནི་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཞིག་ཡིན་པ་མ་ཟད། ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།