ཁྱད་ལྡན་ཤིང་འབྲས་འཛུགས་པར་བྲེལ། ཕྱུག་འགྱུར་ངར་ཤུགས་ལྷག་པར་འཕེལ།
སྨར་ཁམས་རྫོང་རྨོག་ཤོད་ཤང་གི“ཁམས་པའི་ཚ་ལུ་མ”ཐོན་ལས་འཕེལ་རྒྱས་ཀྱི“གསེར་གྱི་མིང་བྱང”དུ་གྱུར་པ།
འདི་ནི་རྨོག་ཤོད་ཤང་གི་ཤིང་འབྲས་འདེབས་མཁན་གྱིས་ཚ་ལུ་མ་འཐུ་བཞིན་པ།
འདི་ནི་རྨོག་ཤོད་ཤང་གི་ཤིང་འབྲས་འདེབས་མཁན་གྱིས་ཚ་ལུ་མ་ཐུམ་རྒྱག་བཞིན་པ།
2024ལོར་སྨར་ཁམས་རྫོང་རྨོག་ཤོད་ཤང་གི“ཁམས་པའི་ཚ་ལུ་མར”སླར་ཡང་ཐོན་འབབ་བཟང་པོ་བྱུང་ནས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད།
སྨར་ཁམས་རྫོང་རྨོག་ཤོད་ཤང་དུ་ཡུལ་མི་ཚོས“ཁམས་པའི་ཚ་ལུ་མ”སྒམ་རེ་རེར་བླུགས་ནས་ཞིབ་ཚགས་པོས་ཐུམ་སྒྲིལ་བྱས་ཏེ་ས་གནས་ཁག་ལ་འཚོང་བར་སྐྱེལ་བཞིན་ཡོད། 2024ལོ་ཁོ་ནར་ཤང་ཡོངས་ཀྱིས་དྲ་ཕྱིར་བྲིན་ཚོང་བྱེད་ཚད་རིམ་རྩིས་བརྒྱབ་ན་ཚ་ལུ་མ་རྒྱ་མ་ཁྲི་14ཟིན་ནས་ས་གནས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི“ཡོང་འབབ་གསོག་གཞིར”གྱུར་ཡོད།
2017ལོར་རྨོག་ཤོད་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་དང་ཤང་གི་ལས་བྱེད་པས་དུད་ཚང་དུ་སྐྱོད་རིང་། རྨོག་ཤོད་གྲོང་ཚོ་དང་ཉེ་འཁོར་གྲོང་ཚོ་མི་ཉུང་བའི་མང་ཚོགས་ཀྱིས་ཀྭ་རིགས་དང་ཤིང་འབྲས་མཉམ་ལས་ཁང་འཛུགས་རྒྱུའི་འདུན་པ་ཆེན་པོ་ཡོད་ཚུལ་ཤེས་རྟོགས་བྱུང་བ་དང་། དེ་ནས་ཤང་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་ཡུལ་མིའི་ཚོགས་ཆེན་འཚོག་སྟེ་བསམ་འཆར་ཡང་ཡང་བསྡུས་ནས་མཐར་མ་དངུལ་བཏང་སྟེ་རྨོག་ཤོད་གྲོང་ཚོའི་ཀྭ་རིགས་དང་ཤིང་འབྲས་མཉམ་ལས་ཁང་བཙུགས་པ་མ་ཟད། སྨར་ཁམས་རྫོང་གྲོང་གསེབ་དར་རྒྱས་ཅུས་དང་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ས་གནས་ཀྱི་ཚ་ལུ་མའི་སྡོང་པོ་མཁོ་སྤྲོད་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཤིང་། ཡུལ་མིས་ཚ་ལུ་མར་གཡོག་བྱེད་དང་འཐུ་བའི་འགན་ཁུར་བ་དང་། མཉམ་ལས་ཁང་གིས་ཐུམ་སྒྲིལ་དང་བྲིན་ཚོང་གི་འགན་ཁུར་ཏེ་ཚ་ལུ་མའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་འགྲོ་བར་རྨང་གཞི་བཟང་པོ་བཏིང་ཡོད།
ཕྱིས་སུ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད། སྤུས་རྟགས་ཅན་གྱི་གཉེར་སྐྱོང་བཅས་ཟམ་མི་ཆད་པར་བྱས་པས། ད་ཆ“ཁམས་པའི་ཚ་ལུ་མ”དེ་རྨོག་ཤོད་ཤང་གི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལྗང་མདོག་ཐོན་ལས་ཤིག་ཏུ་གྱུར་ནས“གྲོང་ཚོ་རེར་སྤུས་རྟགས་རེ་ཡོད་པའི”ཁྱད་ལྡན་ཐོན་ལས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད།
2024ལོའི་ཟླ་བཞི་པར། ཉི་མ་བཀྲ་ཤིས་ཀྱིས་རྨོག་ཤོད་ཤང་དུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར་རྗེས་འབྲས་ཤིང་དེ་སྔར་བས་རྨོག་ཤོད་ཤང་གི་རྣམ་གྲངས་གལ་ཆེན་དུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་ཤིང་། “ཁམས་པའི་ཚ་ལུ་མ”ཡུལ་གཞན་གྱི་ཁྲོམ་རར་གང་མགྱོགས་བྲིན་པོ་ཡོང་ཆེད། ཁོང་གིས“ཁམས་པའི་ཚ་ལུ་མ”ཐུམ་སྒྲིལ་ཇུས་འགོད་ནང་ཞུགས་ཏེ“‘ཁམས་པའི་ཚ་ལུ་མ’མྱོང་། ‘གངས་ལྗོངས་ཚ་ལུ་མའི་མངར་སིལ་ལོངས་སུ་སྤྱོད’”ཅེས་པའི་བརྡ་ཁྱབ་ཀྱི་ཚིག་བཟོས་པ་མ་ཟད། འདེབས་མཁན་ལ་འགྱིག་སོབ་ཀྱིས་ཚ་ལུ་མ་རེར་ཐུམ་རྒྱག་ཏུ་བཅུག་པས་དབོར་འདྲེན་སྐབས་འཕྲོ་བརླག་མི་འགྲོ་བ་བྱུང་ཡོད། གཞན་ཡང་། ཁོང་གིས་སྨར་ཁམས་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་། འབྲེལ་ཡོད་ཁེ་ལས། ཁེར་རྐྱང་ཚོང་དུད་བཅས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ“ཁམས་པའི་ཚ་ལུ་མའི”ཕྱིར་འཚོང་གནད་དོན་ཐག་གཅོད་གང་ལེགས་བྱས་ཡོད།
ལོ་51ལ་སླེབས་པའི་རྨོག་ཤོད་ཤང་རྨོག་ཤོད་གྲོང་ཚོའི་ཚ་ལུ་མ་འདེབས་མཁན་དུད་ཚང་བཀྲ་ཤིས་ཉི་མས། 2024ལོ་ནི་ངས་ཚ་ལུ་མ་བཏབ་ཚུན་གྱི་ཡོང་འབབ་མང་ཤོས་ཤིག་ཡིན་ཞེས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་རང་ཁྱིམ་གྱི་སྒོ་རའི་ནང་ཚ་ལུ་མའི་སྡོང་པོ་200ལྷག་བཙུགས་ཏེ་ཁོམ་པ་ཡོད་དུས་གཡོག་བྱེད་བྱས་ནས་ལོ་རེར་ཡོང་འབབ་མི་ཉུང་བ་རག་གི་ཡོད།