དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • ས་མཐོའི་སྔོ་ཚལ་དང་ཤིང་འབྲས་ཀྱི་བྲོ་བ་ཞིམ་པ།

    —— གཞིས་རྩེ་གྲོང་ཁྱེར་གྱིས་སྒྲིག་བཀོད་སྔོ་ཚལ་གྱི་ས་བོན་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-07

    ཉིན་ཤས་གོང་། གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དོ་དམ་ཨུ་ལྷན་ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་པ་སྣམ་རྫོང་དཔའ་རྩལ་ཤང་དུ་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་ཏེ། འདེབས་འཛུགས་ཁྱབ་གདལ་གྱི་ས་བོན་གསར་པའི་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་རེད། ཞིབ་འཇུག་ཁང་དུ་བཅའ་སྡོད་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས“རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཞིང་ནང་གི་མཛུབ་ཁྲིད་ཟུང་དུ་འབྲེལ་བའི”སློབ་ཁྲིད་བྱེད་སྟངས་སྤྱད་དེ་ཀྲོ་མ་ཀྲུ་དང་ཀྭ་རིགས་སྟབས་བདེ་ཅན་གྱི་འདེབས་གསོ། ནད་དང་གནོད་འབུའི་གནོད་འཚེ་འགོག་ཟོན། ས་བོན་དང་མྱུ་གུ་འདེམས་གསོ། ཚན་རིག་དང་མཐུན་པའི་ལུད་རྒྱག་པ་དང་ཆུ་འདྲེན་པ་སོགས་ལག་རྩལ་གྱི་ལྷུ་ཚིཌ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། སྔོ་ཚལ་དྲོད་ཁང་ཆེ་མོར་བསྐྱོད་ནས་སྒྲིག་བཀོད་སྔོ་ཚལ་གྱི་ས་བོན་གསར་པའི་མྱུ་གུ་འདེབས་གསོ་དང་། རྩ་སྤོས་རྒྱག་པ། ཡལ་བཞུར་རྒྱག་པ་སོགས་ཀྱི་ལྷུ་ཚིགས་སུ་ལག་རྩལ་གྱི་མཛུབ་ཁྲིད་བྱས་ནས། ཚང་མར་འདེབས་འཛུགས་བྱེད་རིང་འཕྲད་པའི་ལག་རྩལ་གྱི་གནད་དོན་སྐོར་ལ་ལན་གསལ་པོ་བཏབ་པ་རེད། 

    2024ལོའི་ཟླ་10ཚེས་12ཉིན་བཙུགས་པའི་ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་ནི་རང་ལྗོངས་ཀྱི་ས་བོན་ཞིབ་འཇུག་ཁང་དང་པོ་རེད། དེའི་ལས་འགན་གཙོ་བོའི་གྲས་ཤིག་ནི་ས་མཐོའི་ཁོར་ཡུག་དང་འཚམ་པའི་ས་བོན་གསར་པ་ནང་འདྲེན་གདམ་གསེས་དང་འདེབས་གསོ་བྱེད་པ་དང་། ས་མཐོའི་ས་བོན་གསར་པའི་སོན་བཟོའི་འགག་རྩའི་ལག་རྩལ་དང་། ས་བོན་གསར་པ་ཐོན་མཐོ་ནུས་ཆེའི་འདེབས་གསོའི་ལག་རྩལ། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱི་ས་བོན་གསར་པའི་སྐྱེ་ཁམས་ནུས་ཆེའི་སྐྱེ་འཕེལ་བཟང་པོ་དང་སྟབས་བདེ་ཅན་གྱི་འདེབས་གསོའི་ལག་རྩལ་བཅས་ཀྱི་མ་ལག་ཁྱབ་སྤེལ་བཏང་སྟེ། ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་ཞིང་པར་ལག་རྩལ་གསོ་སྦྱོང་ཤུགས་ཆེན་བྱ་རྒྱུ་དེ་རེད།

    “ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་བཙུགས་པ་ནས་བཟུང་། ལོ་ཕྱེད་རིང་བརྟག་ཞིབ་བྱས་པ་བརྒྱུད། མང་ཚོགས་ལ་སྒྲིག་བཀོད་སྔོ་ཚལ་གྱི་སྣ་ཁ་འདེམས་པ་དང་། འདེབས་འཛུགས་དོ་དམ། ཐོན་འབབ་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ད་དུང་གནད་དོན་ཁ་ཤས་ཡོད་པ་ཤེས་རྟོགས་བྱུང་ཡོད། ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དམིགས་ནས། ང་ཚོས‘ཐོན་གསུམ་ཅན་གསུམ’གྱི་དམིགས་ཚད་ལས་འགན་བཏོན་ནས་ས་མཐོའི་སྔོ་ཚལ་ས་བོན་ལས་རིགས་ལ་སྐུལ་འདེད་བཏང་སྟེ་ཚད་བརྒལ་གསར་པ་ཡོང་བར་བྱས་ཡོད”ཅེས་ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་ལས་སྒོ་ཁང་གི་ཡོན་ཀྲང་དང་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ལི་ཧྥུང་གིས་ངོ་སྤྲོད་བྱས།

    ཀྲང་ལི་ཧྥུང་གིས་བཤད་པའི“ཐོན་གསུམ་ཅན་གསུམ”ཟེར་བ་ནི་ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་ལག་ལེན་བསྟར་བཞིན་པའི་ས་མཐོའི་སྔོ་ཚལ་སོན་ལས་ཀྱི“ཅན་གསུམ”འགག་སྒྲོལ་བྱ་སྤྱོད་དང་ས་མཐོའི་སྔོ་ཚལ་གྱི“ཐོན་གསུམ”མཐོར་གཏོང་བྱ་སྤྱོད་དེ།“ཐོན་འབབ་མཐོ་རུ་གཏོང་བ་དང་། ཐོན་རྫས་རིན་ཐང་མཐོ་རུ་གཏོང་བ། ཐོན་ལས་ཕན་འབྲས་ཆེ་རུ་གཏོང་བ”བཅས་མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། “ས་བོན་རང་ས་ཅན་དང་། སོན་ལས་རང་ཡུལ་ཅན། ཐོན་སྐྱེད་ཕན་ཆེ་ཅན”བཅས་མངོན་འགྱུར་བྱ་རྒྱུ་དེ་རེད། ཞིབ་འཇུག་ཁང་དེས་ས་མཐོའི་ཁྱད་ཆོས་ལྡན་པའི་ས་བོན་གསར་པ་འདེབས་གསོ་བྱས་ནས་བོད་ལྗོངས་ས་མཐོའི་སྐྱེ་ཁམས་དང་འཚམ་པའི་སྤུས་ལེགས་སྔོ་ཚལ་སྣ་ཁ་8ནས་10བར་གདམ་གསེས་བྱས་པས་ས་བོན་རང་ས་ཅན་ལ་རིམ་བཞིན་མངོན་འགྱུར་བྱུང་བ་དང་། སྔོ་ཚལ་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་རབ་དང་རིམ་པ་བཟོས་ནས། སྟབས་བདེ་ཅན་དང་མ་གནས་དམའ་བའི་སྒྲིག་བཀོད་སྔོ་ཚལ་འདེབས་གསོའི་ཐོན་འབབ་མང་ཞིང་ཕན་ནུས་ཆེ་བའི་རྣམ་པ་གསར་པ་བཏོད་པ་དང་འབྲེལ། དཔེ་སྟོན་ཁྱབ་གདལ་བཏང་ནས་ཐོན་སྐྱེད་ནུས་ཆེ་ཅན་ལ་སྐུལ་འདེད་བཏང་བ། པ་སྣམ་གྱི་སྔོ་ཚལ་མྱུག་སོན་རྟེན་གཞི་དང་རྣམ་གླིང་གི་ཞོག་ཁོག་དུག་སེལ་རྒྱ་སྐྱེད་རྟེན་གཞི་བསྐྲུན་རྒྱུར་འདེགས་སྐྱོར་བྱས་ནས། སོན་ལས་རང་ཡུལ་ཅན་རིམ་བཞིན་མངོན་འགྱུར་ཡོང་བར་བྱས་ཡོད།

    “དུས་འགོར་ང་ཚོས་ས་མཐོར་འཚམ་པའི་སྒྲིག་བཀོད་སྔོ་ཚལ་གྱི་མྱུག་སོན་ཞིང་དུད་ལ་རིན་མེད་ངང་སྤྲད་ནས་འདེབས་འཛུགས་བྱེད་དུ་བཅུག་ཡོད། ད་ཐེངས་ཀྱི་གསོ་སྦྱོང་གཙོ་བོ་ནི་འདེབས་འཛུགས་དོ་དམ་བྱེད་རིང་གྲོང་མིར་འཕྲད་པའི་གནད་དོན་ལ་དམིགས་ནས་དོགས་གནད་སེལ་རྒྱུ་དེ་རེད”ཅེས་ཀྲང་ལི་ཧྥུང་གིས་བརྗོད།

    གྲོང་སྟོད་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོའི་འདེབས་འཛུགས་དུད་ཚང་སྤེན་པ་དོན་གྲུབ་ཀྱིས་ཆེད་མངགས་རིགས་གཅིག་མཁས་ཅན་རང་ཁྱིམ་གྱི་དྲོད་ཁང་དུ་གདན་དྲངས་ནས་དུས་ཡུན་རིང་པོར་སྔོ་ཚལ་དྲོད་ཁང་ཆེན་པོར་ནད་འབུའི་གནད་འཚེ་ཕོག་པའི་གནད་དོན་སྐོར་བཀའ་འདྲི་ཞུས། སྤེན་པ་དོན་གྲུབ་ནི་པ་སྣམ་རྫོང་གི་སྔོ་ཚལ་འདེབས་འཛུགས་བྱེད་མཁན་དུད་ཚང་སྔ་ཤོས་ཀྱི་གྲས་ཤིག་རེད། ཁྱིམ་གྱི་དྲོད་ཁང་སྔ་ཤོས་ནི་2001ལོར་བསྐྲུན་པ་དང་ལོ་20ལྷག་ཙམ་འདེབས་འཛུགས་བྱས་པ་བརྒྱུད། ད་ཆ་ཁོང་སྔོ་ཚལ་འདེབས་འཛུགས་མཁས་པར་གྱུར་པ་མ་ཟད། 2006ལོར་གྲོང་ཚོའི་ཚན་རྩལ་ཆེད་མངགས་པར་གྱུར། “ད་ལྟ་འདེབས་འཛུགས་ནས་གཡོག་བྱེད་བྱེད་པའི་བར་དང་། དེ་ནས་བསྡུ་བའི་བར་དཀའ་ངལ་གང་ཡང་འཕྲད་ཀྱི་མེད། འོན་ཀྱང་ནད་འབུའི་གནོད་འཚེའི་གནད་དོན་ཁ་ཤས་ངས་ད་དུང་ཐག་གཅོད་བྱེད་ཐུབ་ཀྱི་མི་འདུག་པས། ད་ཐེངས་རིགས་གཅིག་མཁས་ཅན་མཛུབ་ཁྲིད་གནང་བར་ཕེབས་ཙང་དངོས་འབྲེལ་ཡག་པོ་བྱུང”སྤེན་པ་དོན་གྲུབ་ཀྱི་ཁྱིམ་ལ་དྲོད་ཁང་ཆེན་པོ་5ཡོད་པ་དང་སྔོ་ཚལ་བཏབ་པར་ལོ་རེར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད།

    གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧྭ་ཞ་ཡིས། ཧྲན་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གི་2025ལོའི་དཔེ་སྟོན་ཁྱབ་སྤེལ་ལས་འགན་འཆར་གཞི་བསྟན་པ་དང་། ལས་དོན་ཁག་20ལྷག་ཙམ་ད་ལོའི་ཟླ་དང་པོ་ནས་འགོ་ཚུགས་ཏེ་ལོ་མཇུག་བར་བྱེད་རྒྱུ་རེད། “ང་ཚོས་པ་སྣམ་རྫོང་དང་རྣམ་གླིང་རྫོང་དུ་སྔོ་ཚལ་ས་བོན་གསར་པ་དང་ལག་རྩལ་གསར་པ་ཁྱབ་སྤེལ་དཔེ་སྟོན་རྟེན་གཞི(ས་ཚིགས)2དང་དཔེ་སྟོན་དྲོད་ཁང་8ནས་10བར་བསྐྲུན་ནས་ས་བོན་གསར་པ་ཁྱབ་སྤེལ་དང་ལག་རྩལ་གྱི་ཞབས་ཞུ་རྒྱ་ཆེར་གཏོང་གི་ཡིན། གཞན་ཡང་། ཐོན་སྐྱེད་དུས་ཚིགས་མི་འདྲ་བའི་ལག་རྩལ་དགོས་མཁོར་གཞིགས་ནས་ལོ་ལྟར་ས་ཡུལ་དངོས་སུ་ལྟ་སྦྱོང་འདུ་ཚོགས་དང་ལག་རྩལ་གསོ་སྦྱོང་འདུ་ཚོགས་ཐེངས་3ནས་5བར་འཚོགས་ནས་ཞིང་ལས་ལག་རྩལ་པ་མི་ཐེངས་150དང་ཞིང་དུད་མི་ཐེངས་1000ལ་གསོ་སྦྱོང་བྱས་ཏེ་ཐོན་སྐྱེད་མུའུ་1500ལ་ཁྱབ་འགྱེད་ཐུབ་པར་སྐུལ་ཁྲིད་བྱེད་རྒྱུ་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།