དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོས།

    རིག་གནས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-05

    ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོས་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཡོང་བར་ནུས་པ་བཏོན་ཡོད།

    ཤེལ་དཀར་མོན་པ་གྲོང་ཚོས་གནས་སྤོས་དབུལ་སྐྱོར་དང་། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཧྲིལ་པོ་རིམ་སྤོར་འཛུགས་སྐྲུན། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་སྐྱོར་ཤུགས་ཆེན་བཅས་ལ་བརྟེན་ནས་ཁང་པ་དང་། གྲོང་ཚོའི་ལམ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་ཡོངས་སུ་ཁྱབ་པར་བྱས་པས། གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་དམིགས་ནས་དུས་བཀག་ལྟར་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་གཙང་སྦྲ་བྱེད་པ་དང་། འགྲིམ་འགྲུལ་ལྟེ་བའི་མ་ལམ་དང་། ལམ་རྒྱུད་ཀྱི་གྲོང་ཚོའི་ཚོགས་ཆུང་དང་ཆུ་ལམ་ནགས་ཁུལ་སོགས་གཙོ་གནད་ས་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དོ་སྣང་ཟབ་མོ་བྱས་ཏེ་ཁུག་གསེང་སྟོང་གསུམ་མ་ལུས་པར་བྱས་པས། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པར་རམ་འདེགས་བྱས་པ་རེད།

    ཤེལ་དཀར་མོན་པ་གྲོང་ཚོས་ཞིང་པའི་དཔེ་ཁང་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་། ཁྲིམས་སྐྱོང་རིག་གནས་ཐང་ཆེན་སོགས་རིག་གནས་བྱེད་སྒོའི་གཞི་རྟེན་འཆར་འགོད་ལུགས་མཐུན་དང་བེད་སྤྱོད་ཡག་པོ་བྱས་ཏེ་དཔེ་དེབ་དང་ཚགས་པར་སོགས་ལྟ་ཀློག་རིགས་ཀྱི་རིག་གནས་དཔེ་དེབ་དང་དེ་བཞིན་ལུས་སྦྱོང་རྐང་འཁོར་དང་འཕུར་མཉེད་རྐུབ་སྟེགས་སོགས་ལུས་རྩལ་སྒྲིག་ཆས་བསྒྲིགས་པས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ཞིང་འབྲོག་མང་ཚོགས་ལ་ལྟ་ཀློག་གི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་དང་ལྟ་ཀློག་གི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྲོལ་བཟང་པོ་སྔར་བས་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་པ་རེད། རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། ཡུལ་མི་ཚོར“ཕ་ཡུལ་དྲན་སེམས”ཚོར་དུ་འཇུག་པ་དང《བོད་སྐྱོར་བྱས་རྗེས་ཅན་ལ་མཆོད་ཆང་བཀྱག》སོགས་མོན་པའི་ཁྱད་ཆོས་ལྡན་པའི་ལེ་ཚན་རང་རྩོམ་རང་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

    ཤེལ་དཀར་མོན་པ་གྲོང་ཚོས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་དམིགས་ཚད་དུ་བྱས་པ་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སེའུ་དམར་འབྲས་ཤིང་འདེབས་འཛུགས་བྱས་པ་མ་ཟད། ཞིང་སྨན་མི་རྒྱག་པ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྗང་མདོག་དང་སྐྱེ་ལྡན་གནོད་མེད་ཀྱི་ཤིང་འབྲས་དང་སྔོ་ཚལ་འདེབས་གསོ་བྱས་ཏེ་སྤྲོ་གསེང་དང་། ལྟ་སྐོར། སེའུ་དམར་འཐུ་བ་བཅས་གཞི་གཅིག་ཏུ་འདུས་པའི་སྒོ་རའི་དཔལ་འབྱོར་ཏེ། སེའུ་དམར་ཐོན་ལས་བཏོད་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། ལས་ཞུགས་གཞན་སྒྱུར་དང་། འཇོན་ཐང་ཅན་གྱིས་སྣེ་ཁྲིད། བསམ་བློ་སྒྱུར་བ། དབྱེ་ཞིབ་བརྟག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་ལམ་མང་པོར་བརྟེན་ནས་ཐོན་ལས་མཉམ་འདྲེས་དང་ཡུལ་བབ་དང་བསྟུན་ནས་གྲོང་ཚོ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་དང་། དབུལ་སྒྲོལ་དུད་ཚང་དང་དབང་པོ་སྐྱོན་ཅན་སོགས་དུད་ཚང་8ཀྱི་མི་10ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་ནས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བོགས་གླ་སྤྲད་ནས་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    གོམས་སྲོལ་ངན་པ་བསྒྱུར་བར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་ཤེས་དཔལ་གྱི་ཉམས་འགྱུར་གསར་པ་བཏོད་ཅིང་། ཤེལ་དཀར་མོན་པ་གྲོང་ཚོས་སྒོ་ར་བཅོས་སྒྲིག་བྱས་ཏེ་གང་བྱུང་དུ་བསྐྲུན་པ་དང་། གང་བྱུང་དུ་བཟུང་སྤྱོད། གང་བྱུང་དུ་སྤུངས་པ་བཅས་གཙང་སེལ་བྱས་པ་དང་། སྒོ་རའི་བཀོད་པ་ལེགས་སུ་བཏང་བ། མི་ཕྱུགས་ལོགས་དབྱེ་ཡག་པོ་བྱེད་པ་བཅས་བྱས་ནས། ཁང་པའི་རྒྱབ་མདུན་དང་གྲོང་ཚོ་དང་དུད་ཚང་གི་སྒོ་རར་ཁྱབ་པའི་སྔོ་འགྱུར་ཁུལ་ཆགས་པས་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། རྒན་རྒོན་ལ་སྲི་ཞུ་དང་གཉེན་ཉེར་བྱམས་སྐྱོང་དར་སྤེལ་བཏང་ནས“བྱ་བཟང་ཀུན་ལས་སྲི་ཞུ་གཙོ”ལག་བསྟར་དང“ཤེས་དཔལ་ཁྱིམ་ཚང”སོགས་སྔོན་ཐོན་དཔེ་མཚོན་དཔྱད་འདེམས་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་ཏེ། མང་ཚོགས་ཉེ་འཁོར་གྱི་མིག་དཔེར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་གོམས་གཤིས་དང་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་གྲོང་ཚོའི་ཁོར་ཡུག་སྔར་བས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།