ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཆུ་གསེར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བརྗོད་དོན།
“ང་ཕྱུག་འགྱུར་སྣེ་ཁྲིད་པ་མིན”
2024ལོའི་ཟླ་བཞི་པར། ཡར་འབྲོག་གཡུ་མཚོར་དཔྱིད་ཀའི་ཉམས་མེད་ཀྱང་གཡུ་ལྟར་སྔོ་བའི་མཚོ་འགྲམ་གྱི་ཐོག་སོ་གཉིས་ལྡན་གྱི་གཞུང་ལས་ཁང་ནང་ཀྲི་པུའུ་ཨུ་ལྷན་གྱི་རྩོད་གླེང་ཚོགས་འདུ་འཚོག་བཞིན་ཡོད།
“ཞིང་འབྲོག་ལས‘ཞོར་ལས’སུ་གྱུར་པ”
“ཚང་མས་ཡར་འབྲོག་གཡུ་མཚོར་ཡུལ་སྐོར་ལ་ཡོང་མཁན་སྐུ་མགྲོན་རྣམས་ཇི་ལྟར་བྱས་ནས་དེ་གར་འཛད་སྤྱོད་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་གྲོས་བསྡུར་བྱེད་ཀྱི་ཡོད”ཅེས་དེ་སྔོན་གྱི་ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་དེར་ཕྱིན་དྲན་བྱེད་བཞིན་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་ཆུ་གསེར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པས་དེ་ལྟར་བཤད་ཅིང་། ཁོང་གིས་ཤང་གི་ལས་བྱེད་པས་བཏོན་པའི་ཐབས་ཤེས་དེར་ཚང་མས་གྲོས་བསྡུར་འཁྲུག་པོ་དེ་འདྲ་བྱེད་མྱོང་སྙམ་པ་བསམ་ཡུལ་ལས་འདས་སོང་ཞེས་བཤད།
ཐབས་ཤེས་ཅི་འདྲ་ཞིག་ལ་གྲོས་བསྡུར་འཁྲུག་པོ་དེ་འདྲ་བྱས་པ་ཡིན་ནམ། དེ་ནི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་སྲེག་ཟས་འཚོང་རྒྱུ་དེ་རེད།
གཡུ་ལྟར་སྔོ་བའི་ཡར་འབྲོག་གཡུ་མཚོ་རི་མོ་ལྟར་མཛེས་ཤིང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཡར་འབྲོག་གཡུ་མཚོའི་ཁོར་ཡུག་འཕྲོད་བསྟེན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་མཚོ་འགྲམ་དུ་ཤ་བསྲེགས་ན་མང་ཚོགས་ཀྱིས་བསམ་འཆར་འདོན་སྲིད་དམ།
མཛེས་སྡུག་ལྡན་པའི་ཡར་འབྲོག་གཡུ་མཚོ་ནི་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་མཛེས་ལྗོངས་ཁུལ་ཞིག་ཡིན་མོད། འོན་ཀྱང་སྔོན་ཆད་ཡུལ་སྐོར་བ་མང་པོས་དེ་གར་ཡོང་སྟེ་དྲན་རྟེན་གྱི་པར་བརྒྱབ་ནས་ཡུན་རིང་མ་བསྡད་པར་ལམ་སེང་ལོག་འགྲོ་ཡི་ཡོད།
“ཡུལ་སྐོར་གྱི་ཡོང་འབབ་རག་ཆེད། 2018ལོར་སྲིད་གཞུང་གིས་མ་དངུལ་བཏང་ནས་ལྗོངས་གཟིགས་སྒང་བསྐྲུན་པ་རེད། ཇི་ལྟར་བྱས་ནས་ལྗོངས་གཟིགས་སྒང་གཉེར་སྐྱོང་ཡག་པོ་བྱེད་དགོས་མིན་མི་ཤེས་ཤིང་། སྐབས་ཤིག་རིང་ཐབས་ཤེས་བཟང་པོ་ཞིག་བསམ་བློ་འཁོར་མ་བྱུང”ཞེས་སྤེན་པས་བཤད།
ཐག་རིང་གི་མགྲོན་པོ་དུས་ཡུན་རིང་ཙམ་སྡོད་ཐུབ་པ་བྱ་ཆེད། གྲོང་ཚོ་ཨུ་ལྷན་གྱིས་རྫོང་དང་ཤང་ནས་བཏོན་པའི“ཐབས་ཤེས”གཞིར་བཟུང་ཐོག་མར་མང་ཚོགས་སྐུལ་སློང་བྱས་ནས་གྲོང་ཚོའི་འབྲི་གཡག་ཁྲིད་པ་དང་འདོགས་ཁྱི་ཉོས་ཏེ་ཡུལ་སྐོར་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད།
ལོ་དེར་ཁེ་བཟང་མི་ཉུང་བ་རག་རྗེས་གྲོང་ཚོ་ཡོངས་ཀྱི་གྲོང་མིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་རག་ཐབས་བྱེད་པའི་སེམས་ཤུགས་འཕེལ། རྗེས་སུ་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཚོའི་མཉམ་ལས་ཁང་དེ་ཡུལ་སྐོར་ཞབས་ཞུའི་ཀུང་སིར་ཐོ་འགོད་བྱས་ནས་བློ་རྩེ་གཅིག་སྒྲིམ་ངང་ཡུལ་སྐོར་ཞབས་ཞུའི་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་རེད། སྤེན་པས“ད་ཆ་ཞིང་འབྲོག་ལས་དེ‘ཞོར་ལས’སུ་གྱུར་ཡོད”ཅེས་བཤད།
“ཀྲི་པུའུ་ཨུ་ལྷན་གྱིས་སེམས་ཁྲལ་བྱ་རྒྱུ་མང་དྲགས་འདུག”
ཀུང་སིའི་སྐོར་གླེང་སྐབས་སྤེན་པས“གྲོང་མིའི་ཚོགས་ཆེན་ཐོག་ང་རང་ཀུང་སིའི་ཁྲིམས་མིར་བདམས་བྱུང”ཞེས་དེའི་སྐོར་ཞིབ་པར་བཤད། ཁོང་གིས་གསར་འགོད་པར་གྲོང་ཚོའི་ལྟ་སྐུལ་ཨུ་ཡོན་ཆོས་འཕགས་ནི་སྤྱི་གཉེར་གཞོན་པ་ཡིན་པ་དང་། གྲོང་ཚོའི་ཀྲུའུ་རེན་དང་རྩ་འཛུགས་ཨུ་ཡོན་ནི་རྩིས་གཉེར་དང་དངུལ་གཉེར་སོ་སོར་ཡིན། མཉམ་སྡེབ་ཀྱི་རྩིས་ཐོ་ངེས་པར་དུ་གསལ་པོ་དགོས། དེ་ལྟར་མ་བྱས་ན་མང་ཚོགས་ལ་རྩིས་སྤྲོད་བྱེད་ཐབས་བྲལ་ཞེས་བཤད།
“ང་ཚོས་ལྗོངས་གཟིགས་སྒང་དུ་ཟ་ཁང་ཆུང་ཆུང་དང་ཚོང་ཁང་ཆུང་ཆུང་བཙུགས་ནས་ཡུལ་སྐོར་དྲན་རྟེན་དངོས་རྫས་བཙོངས་པ་དང་མི་རིགས་གྱོན་ཆས་བོགས་མར་གཏོང་བ་བཅས་བྱེད་ཀྱི་ཡོད”ཅེས་སྤེན་པས་ཉེ་བའི་ལོ་འགའི་རིང་ཁོང་ཚོའི་གྲོང་ཚོས་ཡུལ་སྐོར་གྱི་ཡོང་འབབ་ཇི་ལྟར་བསགས་པའི་ཉམས་མྱོང་བཤད་པ་དང་། ཁོང་གིས། རྫོང་ཡུལ་སྐོར་ཅུས་ཀྱིས་ཁོང་ཚོར་བེད་མེད་དུ་གྱུར་པའི་རླངས་འཁོར་ཞིག་སྤྲད་པ་དང་ཁོང་ཚོ་རང་ཉིད་ཀྱིས་ཁམ་བུའི་མེ་ཏོག་གི་སྡོང་པོའི་བཟོ་ལྟ་ཞིག་བཟོས་པ་དང་། རྫོང་ནང་གི་ལས་བྱེད་པས་དེར“མཁའ་དབྱིངས་ཀྱི་ཞིང་ཁམས”ཞེས་མིང་བཏགས། དེ་ལྟར་བྱས་པས་ལྗོངས་གཟིགས་སྒང་དུ་འཛད་སྤྱོད་བྱེད་མཁན་མང་དུ་དང་པར་རྒྱག་མཁན་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་སོང་ཞེས་བཤད།
2023ལོར་ཆུ་གསེར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་150ཟིན་པ་དང་། དུད་ཚང་51གི་མང་ཚོགས་དུད་ཚང་རེར་སྒོར་ཁྲི་གཅིག་གི་བགོ་འགྲེམས་བརྒྱབ་པའི་རྨང་གཞིའི་ཐོག་མི་རེར་སླར་ཡང་སྒོར་1000བགོ་འགྲེམས་བརྒྱབ་པ་རེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོས་བསྡུར་བྱས་རྗེས་གྲོང་མིའི་ཚོགས་ཆེན་ཐོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལྷག་མ་སྤྱད་དེ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཞིག་ཉོ་རྒྱུའི་ཐག་བཅད་པ་རེད།
སྤེན་པས། ད་ལོ་གོང་རིམ་ཏང་ཨུད་དང་སྲིད་གཞུང་གིས་སླར་ཡང“ཐབས་ཤེས”གསར་པ་བཏོན་པ་སྟེ། གྲོང་ཚོའི་ནང་ཀོག་ཧྥེ་ཁང་འཛུགས་པ་དང་། སྲེག་ཟས་འཚོང་བ། ཞོ་སྙོལ་བ། ལུག་ཁོག་གཅིག་ཆ་ཚང་སྲེག་ཟས་བཟོ་བ་བཅས་བྱས་ཏེ་ཁོང་ཚོས་ས་གནས་དེ་གའི་དམིགས་བསལ་ཐོན་རྫས་ཏེ། འབྲོག་ལས་གྲོང་ཚོ་གསུམ་གྱི་ལུག་ཤ་ཡུལ་སྐོར་བར་འཚོང་བ་མ་ཟད། གྲོང་ཚོའི་མང་ཚོགས་ལ་ཡུལ་སྐོར་གྱི་ཡོང་འབབ་རག་པ་བྱ་རྒྱུའི་གྲོས་འགོ་ཡང་བཏོན་ཡོད་ཅེས་བཤད།
ཤང་གི་ལས་བྱེད་པས་སྣེ་ཁྲིད་ནས་ལས་ཀ་བྱེད་ཀྱི་ཡོད། ཀོག་ཧྥེ་ཁང་འཛུགས་པ་དང་ཞོ་སྙོལ་བ་ཚང་མར་གནད་འགག་མེད་མོད། གནད་དོན་དེ་སྲེག་ཟས་འཚོང་རྒྱུ་དེར་ཐུག་ཡོད”ཅེས་བཤད།
སྤེན་པས་གད་མོ་དགོད་བཞིན་དུ“རྗེས་སུ་མང་ཚོགས་ཀྱིས་མཚོ་འགྲམ་དུ་སྲེག་ཟས་འཚོང་བར་བསམ་འཆར་མེད་པ་ཤེས་བྱུང་བས། ཀྲི་པུའུ་ཨུ་ལྷན་གྱིས་སེམས་ཁྲལ་བྱ་རྒྱུ་མང་དྲགས་འདུག”ཅེས་བཤད།
“ཚང་མ་དང་མཉམ་དུ་ལས་ཀ་བྱེད”
སྲེག་ཟས་ཁྲོམ་སྟེགས་བཙུགས་པ་དང་ཀོག་ཧྥེ་ཁང་ཡང་སྒོ་ཕྱེ།
“ཐེངས་ཤིག་རྫོང་གི་འགོ་ཁྲིད་ཀྱིས་ང་ཚོ་རང་ཉིད་ཀྱིས་མ་དངུལ་བཏང་ནས་ཀོག་ཧྥེ་ཁང་བཙུགས་པ་མཐོང་ནས་ཧ་ཅང་དགའ་པོ་བྱུང་སོང་། ང་ཚོའི་ཀོག་ཧྥེ་ཁང་དེར་རྫོང་གིས་མ་དངུལ་སྒོར་ཁྲི་8རོགས་རམ་བྱས་བྱུང་། ལོ་གཅིག་མ་འགོར་བར་ཀོག་ཧྥེ་ཁང་དང་སྲེག་ཟས་ཁྲོམ་སྟེགས་ལས་ཆུ་གསེར་གྲོང་ཚོར་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་རག་ཡོད”ཅེས་སྤེན་པས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
འདི་ལོ་ཆུ་གསེར་གྲོང་ཚོའི་མཉམ་སྡེབ་ཡུལ་སྐོར་ཡོང་འབབ་སྔོན་དཔག་བྱས་ན། སྒོར་ཁྲི་180ཡས་མས་ཟིན་རྒྱུ་རེད། སྤེན་པས་ད་ལོའི་བགོ་འགྲེམས་ན་ནིང་དང་འདྲ་བར་དུད་ཚང་རེར་སྒོར་ཁྲི་1དང་མི་རེར་སྒོར་1000རྒྱག་རྒྱུ་ཡིན། དངུལ་ལྷག་མ་རྣམས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོས་བསྡུར་བྱས་ནས་རྣམ་གྲངས་གཞན་ལ་སྤྱོད་རྒྱུ་ཡིན་ཞེས་བཤད།
མ་གཞི་ཟླ་9པ་དང་ཟླ་10པར་སྟོན་ལས་དང་ཡུལ་སྐོར་བ་མང་བའི་དུས་ཚིགས་མཉམ་དུ་འཁེལ་བས“བརྔ་བསྡུ་འཕྲུལ་འཁོར་གཅིག་གིས་འདང་གི་མེད”གྲོང་ཚོ་ཨུ་ལྷན་འགྲམ་གྱི་འཕྲུལ་ཆས་ལ་མཛུབ་མོ་བཙུགས་ནས་ང་ཚོས་གྲོས་བསྡུར་བྱས་རྗེས་སླར་ཡང་བརྔ་བསྡུ་འཕྲུལ་འཁོར་གཅིག་ཉོས་པ་མ་ཟད། ད་དུང་མཉམ་འབྲེལ་རྨོ་འདེབས་འཕྲུལ་འཁོར་ཞིག་ཀྱང་ཉོས་པ་ཡིན་ཞེས་སྤེན་པས་བཤད།
ད་ཆ་བརྔ་བསྡུ་འཕྲུལ་འཁོར་གཉིས་ཡོད་པས་སྟབས་བདེ་པོ་འདུག གྲོང་ཚོའི་ནང་མི་མི་འདང་བའི་སེམས་ཁྲལ་བྱེད་དགོས་ཀྱི་མེད།
ཆུ་གསེར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གྲོང་ཚོ་ཡོངས་ཀྱི་སྣེ་ཁྲིད་ནས་དཔལ་སྡེ་ཤང་དུ་ལས་དོན་ཡག་པོ་བསྒྲུབས་ཤིང་། ཆུ་གསེར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་དེ་ཤང་ཡོངས་ཀྱི་གྲོང་ཚོ་8ཀྱི་ནང་ཨང་གཉིས་པར་སླེབས་ཡོད། ཚང་མས་ཕྱུག་འགྱུར་སྣེ་ཁྲིད་པ་སྤེན་པས་སྣེ་ཁྲིད་ཡག་པོ་བྱས་སོང་ཞེས་ཤོད་ཀྱི་ཡོད་ཅིང་། ཤང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་སྤེན་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ལ་བྱ་དགའ་སྤྲད་པ་དང་། སྤེན་པར་བྱ་དགའི་དངུལ་སྒོར་ཁྲི་9ཐོབ་ནའང་ཁོང་ཚོས་དངུལ་བླངས་མེད།
“ང་ཚོར་ཟླ་རེར་གླ་ཆ་ཡོད། དངུལ་འདི་དག་བླངས་ན་མང་ཚོགས་ཀྱིས་གང་འདྲ་བསམ་སྲིད། ང་ཕྱུག་འགྱུར་སྣེ་ཁྲིད་པ་མིན། ཚང་མ་དང་མཉམ་དུ་ལས་ཀར་འབད་པ་ཙམ་ཡིན”ཞེས་སྤེན་པས་བཤད།