གྲོང་ཚོ་ཆུང་ཆུང་འཕེལ་རྒྱས་མྱུར། ས་མཐོའི་གྲོང་གསེབ་རྣམ་པ་མཛེས།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གཙང་འཕགས་གྲོང་ཚོའི་འཕོ་འགྱུར་སྐོར་བཀོད་པ།
འདི་ནི་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གཙང་འཕགས་གྲོང་ཚོའི་ཨ་ཇོ་མིག་དམར་ཚང་གི་སྡོད་ཁང་གསར་པ་ཡིན་པ།
འདི་ནི་ཨ་ཇོ་མིག་དམར་ཁྱོ་ཤུག་དང་སྤུན་མཆེད་ཡུལ་སྐོར་བྱེད་བཞིན་པ།
ཉེ་ཆར། ངས་མེ་ལྕེ་བཞིན་འཕྱུར་བའི་ཕ་ཡུལ་གྱི་དྲན་སེམས་ཡིད་ལ་འཆང་བཞིན་རེ་སྒུག་ཆེན་པོས་ལྷ་ས་ནས་ཐོན་ཏེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གཙང་འཕགས་གྲོང་ཚོར་གཉེན་ཉེ་ཐུག་འཕྲད་བྱེད་པར་བསྐྱོད།
ན་ནིང་ཟླ་བ་དྲུག་པར། ལྷ་ས་ནས་གཞིས་རྩེའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྗེས། ད་ལྟ་ཕ་ཡུལ་དུ་ལོག་པའི་ལམ་ཐག་དེ་ཙམ་རིང་པོ་མེད་པར་གྱུར། སྤྲོ་སྣང་གི་སེམས་པ་དང་སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད། ཡུན་རིང་མ་སོང་བར་རྒྱུས་མངའ་ཆེ་ཤོས་ཀྱི་སྟག་གྲུ་ཁར་སླེབས་བྱུང་། མྱུར་བགྲོད་གཞུང་ལམ་ནས་བབས་ཏེ་རྒྱལ་ལམ་318བརྒྱུད་གཞིས་རྩེའི་ཕྱོགས་སུ་བསྐྱོད་ན་ཐོབ་རྒྱལ་གྲུ་ཁ་ཞེས་པའི་གྲུ་ཁ་རྙིང་པ་ཞིག་མཐོང་རྒྱུ་ཡོད། ཡར་ཀླུང་གཙང་པོའི་ངོགས་སུ་ཆགས་པའི་གྲུ་ཁ་དེ་ནས་ཁ་བྱང་དུ་བལྟས་ཚེ། བྱེ་ཐང་གི་དཀྱིལ་དུ་ཆགས་པ་ལྟ་བུའི་གྲོང་ཚོ་ཆུང་ཆུང་ཞིག་ང་ཚོའི་མིག་ལམ་དུ་ཁྲ་ལམ་མེར་འཆར་འོང་ཞིང་། གྲོང་ཚོ་དེ་ནི་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ཁོངས་ཀྱི་གཙང་འཕགས་ཞེས་པའི་རང་བྱུང་གྲོང་ཚོ་དེ་རེད།
ཆུ་བོའི་ཕ་རོལ་ནས་གཙང་འཕགས་གྲོང་ཚོར་བལྟས་ཚེ། ས་ཆ་དེས་མི་རྣམས་ལ་ཐག་རིང་ལུང་ཁུག་གི་བག་ཆགས་ཤིག་འཇོག་སྲིད། འོན་ཀྱང་ས་ཆ་དེར་དངོས་སུ་འབྱོར་སྐབས། དེ་ག་ནས་སྲོལ་རྒྱུན་དང་དེང་རབས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཚོར་ཐུབ་པ་སྟེ། གྲལ་སྟར་འགྲིག་པའི་དེང་རབས་བོད་ལུགས་ཀྱི་སྒོ་ར་ཆུང་ཆུང་རེ་རེ་འོད་མདངས་བཀྲ་བའི་མུ་ཏིག་གིས་ས་གཞི་ཆེན་པོར་མཛེས་རྒྱན་སྤྲས་པ་དང་འདྲ་ལ། གཡུ་འབྲུག་སྔོན་མོ་ཐང་ལ་ཉལ་བ་ལྟར་གྱི་སྣུམ་ནག་གཞུང་ལམ་ནི་དར་སྐུད་ནག་པོས་གྲོང་ཚོ་དང་ཕྱི་རོལ་སྦྲེལ་བ་ལྟར་དུ་སྣང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོ་དག་ཡར་ཀླུང་གཙང་པོའི་འགྲམ་དུ་པ་ཊའི་དབྱིབས་དང་འདྲ་བར་སྣང་། ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་། འཇིབ་ཆུང་། བྱེས་བགྲོད་རླངས་འཁོར་སོགས་རླངས་འཁོར་འདྲ་མིན་སྣ་ཚོགས་བཞག་ཡོད་པས་ཡུལ་དེ་ནི་ང་ཚོའི་སྣང་ངོར་འཆར་བའི་རྗེས་ལུས་ཀྱི་གྲོང་ཚོ་ཡིན་རྒྱུ་ལྟ་ཅི། དེ་ནི་དེང་རབས་ཞིང་པའི་འཚོ་བའི་འབྱོར་ཕྱུག་དང་དར་རྒྱས་མཚོན་པའི་མེ་ལོང་ཞིག་ཏུ་སྣང་།
ཕལ་ཆེར་ཡུན་རིང་འདི་གར་མ་སླེབས་པས་རེད། གྲོང་ཚོའི་འགྱུར་ལྡོག་ནི་དངོས་ནས་ཡིད་མ་ཆེས་པ་ཞིག་འདུག སྤུན་མཆེད་ཨ་ཇོ་མིག་དམར་ཁྱིམ་གྱི་སྒོ་ར་ཆུང་ཆུང་དེ་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། རླངས་འཁོར་ཆེ་འབྲིང་ཆུང་གསུམ་རྒྱལ་སྒོའི་མདུན་དུ་བཞག་ཡོད་པས། དེ་དག་ནི་ལྷག་བསམ་རྣམ་དག་གི་སྲུང་དམག་ཁ་ཤས་དང་མཚུངས། རྒྱ་ཁྱོན་ལ་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་ཉིས་ཐོག་གི་ཁང་པའི་ཕྱི་ནང་ཚང་མ་གཙང་ལ་ཁྱིམ་ཆས་གྲལ་སྒྲིག་པས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་འཆར། “བཀྲ་ཤིས་བདེ་ལེགས། ངའི་བསམ་པར་ཁྱོད་ཀྱིས་ང་བརྗེད་པ་རེད་བསམས་བྱུང” དུས་ཡུན་རིང་པོ་ཞིག་ཁོང་ལ་ལྟ་བར་འགྲོ་ཁོམ་མ་བྱུང་བས། ཨ་ཇོས་ཀྱག་ཀྱག་དང་བཅས་ང་རང་འཛུམ་གྱིས་ཁྱིམ་དུ་བསུས། བོད་ལུགས་ཀྱི་ལྕོག་ཙེ་རིང་པོའི་སྟེང་ཞིམ་ཟས་སྣ་ཚོགས་བཤམས་འདུག་ཅིང་། རླངས་པ་འཚུབ་འཚུབ་ཀྱི་ཇ་བསྲུབས་མ་ནས་མངར་སང་སང་གི་དྲི་ཞིམ་འཐུལ་བ་དང་། ད་དུང་འགྲམ་ཆུ་ཤོར་བའི་ལུག་ཤ་རྡོག་བཙོས་དང་ཁ་ཟས། སྦྲང་རྩི་ལས་མངར་བའི་མཆོད་ཆང་། འཐུང་ཆ་སྣ་སོགས་ལྟ་བས་མི་ངོམས་པ་ཞིག་འདུག “རེད། འདི་ནི་ལོ་གསར་གྱི་རྣམ་པ་རེད”ཅེས་ངའི་ངག་ནས་འདི་སྐད་སྨྲ་བར་ཐལ།
ཨ་ཇོས་ངོ་སྤྲོད་བྱས་པར། གྲོང་ཚོའི་མི་ཚང་ལྔ་རེས་མོས་ཀྱིས་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་གཉེར་བའི་གོམས་སྲོལ་ཡོད་པ་དང་། ད་ལོ་ཏག་ཏག་ཁོང་གི་ཁྱིམ་དུ་འཁེལ་བས་ཧ་ཅང་འཁྲུག་ཆ་དོད་པོ་འདུག
“ཨ་ཇོ་ལགས། གཙང་འཕགས་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་འདུག”
“རེད། ཇ་ཐང་ནས་ཇ་བསྲུབས་མར་གྱུར་པ་བཞིན། བྲོ་བ་འདྲ་གི་མེད”
ཆང་མངར་མོ་ཧུབ་འགའ་བཏུངས་རྗེས། ཨ་ཇོས་སྐྱོ་སྣང་ཆེན་པོས་འདས་སོང་གི་འཚོ་བའི་སྐོར་གླེང་ཞིང་། “ལོ་བཅུ་ལྷག་ཙམ་གྱི་སྔོན་ལ་གྲོང་ཚོའི་མཐའ་འཁོར་ཚང་མ་བྱེ་ཐང་ཡིན་པས། རླུང་བུ་ལྡང་རིམ་བཞིན་ལུང་པ་ཡོངས་བྱེ་རྡུལ་གྱིས་བཀབ་ནས་ངོ་གདོང་བཀྲུས་པའི་ཆུ་ཡང་རྡུལ་གྱིས་བཀང་གི་ཡོད” ཁོང་གིས་ཆང་ཕོར་པ་གང་ཞབས་དག་བསྐྱོན་རྗེས། མུ་མཐུད་དེ“སྔོན་ཆད་ས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ནང་མི་ཚང་མ་ས་ཕག་གི་ཁང་པའི་ནང་སྡོད་པའི་འཚོ་བ་ནི་དངོས་ནས་སྐྱོ་ཙམ་ཡོད”ཅེས་ཐག་མི་རིང་བའི་སར་གནས་པའི་ཁང་པ་རྙིང་པའི་གྱང་རོར་མཛུབ་མོ་བཙུགས་ཏེ་སྐྱོ་གདུང་ཆེན་པོས་བཤད།
“ད་ཆ་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད” ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ཨ་ཇོ་མིག་དམར་གྱི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། ཨ་ཇོས་ཕྲུ་གུ་ཚང་མ་ཆེན་པོ་ཆགས་ཡོད། བུ་རྒན་པས་དངུལ་བུན་གཡར་ནས་རླངས་འཁོར་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་གྱི་ཡོད་པས། ལོ་རེའི་ཡོང་འབབ་སྒོར་ཁྲི་40ཙམ་ཟིན་གྱི་འདུག ནང་མི་ཚང་མ་མ་དངུལ་སྒོར་ཁྲི་90ལྷག་ཙམ་བཏང་བའི་ཁང་པ་གསར་པར་སྤོས་པ་དང་། ཕྲུ་གུ་གཞན་པའང་སློབ་ཆེན་ནས་ཐོན་ཏེ་རང་སོ་སོའི་འཚོ་བ་དང་ལས་ཀ་ཡོད། ལྷག་པར་དུ་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་དང་ལྕང་འཛུགས་ནགས་བཟོ་བྱས་པས། སྔོན་ཆད་བྱེ་རྡུལ་འཚུབ་པའི་གྲོང་ཚོ་ཆུང་ཆུང་ད་ཆ་སྔོ་ཐིང་ངེར་གྱུར་ཡོད། ད་ཆའི་ང་ཚོའི་གྲོང་ཚོ་ཆུང་ཆུང་འདིར་ལྡང་བ་ནི་བྱེ་རྡུལ་མ་ཡིན་པར་འབྲས་བཟང་སྨིན་པའི་ལོ་ལེགས་ཀྱི་ཤར་རླུང་ཡིན་པས། དེ་ནི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཕོ་འགྱུར་མངོན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
ས་སྲོས་སུ། ཨ་ཇོའི་སྒོ་ར་ནས་སྙན་འཇེབས་དོད་པའི་གླུ་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཡུལ་མི་ཚོའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ལག་གདང་སྦྲེལ་ནས་སྒོར་གཞས་འཁྲབ་པ་དང་། ཕྲུ་གུ་ཚོ་ཡང་ཕན་ཚུན་འདེད་རེས་བྱེད་ཞོར་རྩེད་འཇོའི་དབྱིངས་སུ་ཚུད་ཅིང་། སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱི་སྒྲ་གྲོང་ཚོ་ཡོངས་སུ་ཁྱབ་པར་བལྟས་ན་དེ་ནི་གངས་ལྗོངས་ས་མཐོའི་ཡུལ་གྲུ་གང་སར་ཁོང་ཚོའི་སྤྲོ་སྣང་མཉམ་སྤྱོད་བྱེད་པ་དང་གཉིས་སུ་མ་མཆིས།