གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
རང་ལྗོངས་ཀྱིས“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྲ་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་མཉམ་སྐྲུན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ལ་དམིགས་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་བཅོས་སྐྱོང་ཡག་པོ་དང་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་ནས་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དང་ནུས་པ་སྦྱིན་ཡོད།
“ལས་འགན་ཁག་ལྔ”ལ་དམིགས་ཏེ་འཐབ་ས་དང་པོའི་དམག་འཐབ་མཁར་རྫོང་བརྟན་དུ་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི“བླང་བྱ་ཁག་ལྔ”ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་དང་བྱེད་ཐབས་ཞིབ་ཕྲ་བཏོན་ནས། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླང་བྱ་ཁག་ལྔ”དེ་དག“20+10”ཡི་བྱེད་ཐབས་ཞིབ་ཕྲར་སྒྱུར་བ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་སྐྱོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ”བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་། རྩ་འཛུགས་མ་ལག་མུ་མཐུད་ཚགས་དམ་དུ་བཏང་ནས། གཞི་རྩའི་རྩ་འཛུགས་དང་། གཞི་རྩའི་དཔུང་སྡེ། གཞི་རྩའི་བྱེད་སྒོ གཞི་རྩའི་ལམ་ལུགས། གཞི་རྩའི་ནུས་པ། གཞི་རྩའི་འགན་སྲུང་བཅས“གཞི་རྩ་དྲུག”ནས་འགོ་བཙུགས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། “སྣེ་གཉིས་བཟུང་ནས་དབུས་སྣེ་འཁྲིད་རྒྱུ”མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་982ལ་གཟེངས་བསྟོད་བྱས་པ་རེད།
རྨང་གཞིའི་འགན་ལེན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཐང་རྒྱུན་ལྡན་བཞིན་འཕར་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་མཐའ་མཚམས་གྲོང་ཚོར་ལྟེ་བའི་གྲོང་ཚོའི་ལྡབ་1.1དང་གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་འགོ་ཁྲིད་རྒན་པའི་80%ཡི་ཚད་གཞི་ལྟར་ཞིབ་བཤེར་གཏན་འབེབས་བྱས་ཡོད། 2024ལོར་ལྟེ་བའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་པའི་ལོ་རེའི་གླ་ཕོགས་སྒོར་40060ཡོད་པ་དེ་ལོ་10གོང་གི་ལྡབ་3.85ཟིན་པ་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་མི་རེར་ལོ་རེར་སྒོར་32048ཡོད་པ་དེ་ལོ་10གོང་གི་ལྡབ་6.15ཟིན་པ། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཐང་དེའི་རྨང་གཞིའི་ཐོག་སླར་ཡང་10%མཐོ་རུ་བཏང་ཡོད། གྲོང་ཚོ་རེར་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་སྒོར་ཁྲི་10དོན་འཁྱོལ་བྱས་པ་དང་། སྒོར་དུང་ཕྱུར་86.67བཏང་ནས་ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་5500ལྷག་ཙམ་བསྐྲུན་པ། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། དོ་དམ་བྱེད་པ། ལྟ་སྐུལ་བྱེད་པ་བཅས་དང་། མང་ཚོགས་ལ་མཐུན་སྒྲིལ་བྱེད་པ་དང་། གོང་བུ་གཅིག་ཏུ་སྒྲིལ་བ། ཞབས་འདེགས་ཞུ་བ་བཅས་ཀྱི་གཡུལ་ས་གཙོ་བོ་ཕྱོགས་ཡོངས་ནས་བསྐྲུན་ཡོད་པ་རེད།
“ཡུན་རིང་བརྟན་ལྷིང”ལ་དམིགས་ནས་གཞི་རིམ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
ཏང་འཛུགས་སྐྱོང་གིས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱེད་ཐབས་དོན་ཚན་21བཟོས་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”ཁྱབ་གདལ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་འགག་རྩར་བྱས་ཏེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཡོད། “ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་མིག་གི་ཏང་ཀྲི་པུའུ། སྟར་པའི་ཏང་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང་བཅས”རིམ་པ་ལྔའི་རྩ་འཛུགས་ཕྲེང་སྦྲེལ་གསར་གཏོད་བྱས་ཏེ། གྲོང་ཁྱེར་དང་། རྫོང(ཆུས་དང་གྲོང་ཁྱེར)ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་བཞིའི་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཀོད་སྒྲིག་བྱས་ནས་དུས་བཀག་ལྟར་འབྲེལ་ཡོད་གནས་ཚུལ་བཀོད་གཏོང་བརྡ་ཁྱབ་བཏང་སྟེ་འབྲེལ་ཡོད་གནད་དོན་ལ་ཐུན་མོང་ཐོག་ཞིབ་འཇུག་དང་ཐག་གཅོད་བྱས་ཡོད། བོད་དུ་སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་ཐོག་མར་བཙུགས་ཏེ“འདེམས་བསྐོ་དང་གདན་ཞུ”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྡེ་ཁུལ་གྱི་ལས་དོན་པ་བཀོད་སྒྲིག་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི་རེའི་ནང་སྡེ་ཁུལ་གྱི་ལས་དོན་པ་25ཟིན་གྱི་ཡོད།
“བཀོད་སྒྲིག་མ་ལག་ཅན་དང་། བྱེད་ནུས་ཕྱོགས་བསྡུས་ཅན། ཆ་འཕྲིན་གྲངས་གཞི་ཅན”བཅས་ཀྱི་བླང་བྱ་གཞིར་བཟུང་། སྡེ་ཁུལ་གྱི་ཟ་ཁང་དང་། ཉིན་མོའི་ལྟ་སྐྱོང་ཁང་། རིག་རྩལ་རོལ་རྩེད་ཁང་། གཅེས་སེམས་ཞབས་ཞུའི་ས་ཚིགས་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས“སྐར་མ་15ཡི་ཞབས་ཞུའི་འཁོར་རྒྱ”བསྐྲུན་ཡོད། “མཉམ་འབྲེལ་ཚོགས་འདུ་དང་། ལས་འགན་གཅིག་ལྕོགས་ཨུ་ཡོན། དང་བླངས་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་སྡེ་ཁུལ་དུ་བཅའ་སྡོད་ཚན་པ་སྡེ་ཁུལ་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བ་དང་ཏང་ཡོན་གྱིས་སྡེ་ཁུལ་དུ“ཐོ་འགོད་གཉིས”བྱས་ནས་དང་བླངས་ཞབས་ཞུ་སྤེལ་རྒྱུ་སྒྲིག་འཛུགས་བྱས་པས་སྡེ་ཁུལ་བཅོས་སྐྱོང་གི་མཉམ་ཤུགས་ཆགས་ཡོད། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་སྒྲུབ་པའི་གསལ་ཐོ་བཟོ་བར་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཚང་མར་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ནས“གཅིག་འཐུས་རྣམ་པའི་ཞབས་ཞུ”ལག་བསྟར་བྱས་ཡོད།
“གྲོང་གསེབ་དར་རྒྱས”ལ་དམིགས་ནས་གཞི་རིམ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་པ་དང་།“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར“ཅི་ཞིག་དམ་འཛིན་བྱེད་དགོས་པ”དང་། “དམ་འཛིན་ཇི་ལྟར་བྱེད་དགོས་པ”“སུས་དམ་འཛིན་བྱེད་དགོས་པ”སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པ་རེད། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་རྫོང་རིམ་པའི་ཏང་ཨུད་ཀྱིས་ཐོ་འགོད་དོ་དམ་དང་གྲོང་ཚོའི་ལས་བྱེད་པར་རྫོང་རིམ་པས་མཉམ་འབྲེལ་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱས་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་ལ་དུས་དཀྱིལ་དཔྱད་དཔོག་བྱས་ཏེ་ཚད་དང་མི་མཐུན་པའི་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ལེགས་སྒྲིག་བྱས་པ་རེད། རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔར་མའི《གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་ཀའི་ལག་དེབ》པར་སྐྲུན་བྱས་ནས་གྲོང་ཚོའི་ལས་བྱེད་པས་འགན་འཁྲི་དང་ལས་འགན་དང་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་བློ་ལ་བརྟན་པོར་ངེས་རྒྱུར་སྐུལ་འདེད་བཏང་ཡོད།
ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོའི་གསོ་སྦྱོང་འཆར་གཞི་དང་གྲོང་ཚོའི་ལས་བྱེད་པ་གཙོ་བོ་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་དུ་སྐྱོད་པའི་འདུ་འགོད་ལག་བསྟར་བྱེད་པ་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཤང་ཀྲང་། ཀྲེན་ཀྲང་བཅས་ཀྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་བ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་གཙོ་བོ་འཁུར་མཁན་རྣམས་ལྗོངས་ཕྱིར་གསོ་སྦྱོང་ལ་ཞུགས་པར་སྒྲིག་འཛུགས་བཅས་བྱས་ཏེ། ཁོང་ཚོའི་མཐོང་རྒྱ་ཆེ་རུ་དང་འཇོན་ཐང་ཆེ་རུ་འགྲོ་བར་རོགས་རམ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ཡོད། གྲོང་ཚོའི་ལས་བྱེད་པ་གཙོ་བོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་གི་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་དང་ལོ་གསུམ་གྱི་བརྟན་གཏོང་མཐོར་འདེགས་འདུ་འགོད་ལག་བསྟར་བྱས་པ་དང་། “བོད་སྒྱུར་ལོ་ཙཱ་བའི”APPབེད་སྤྱོད་ཡག་པོ་བྱས་ནས་རང་སྦྱོང་དང་། ཆ་སྒྲིག་རོགས་ཁྲིད། གཅིག་སྡུད་གསོ་སྦྱོང་། དགུན་དུས་གསོ་སྦྱོང་། མཚན་མོའི་སློབ་གྲྭ་སོགས་ཀྱི་རྣམ་པ་སྤྱད་དེ་སྐད་ཡིག་སྤེལ་རེས་ཀྱི་འགོག་རྐྱེན་བསལ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་རོགས་བྱས་ཡོད། གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གཉེར་བ་དང་སྣེ་ཁྲིད་བྱེད་པར་ལྕག་སྐུལ་དང་བྱ་དགའ་སྤྲོད་པའི་བྱ་ཐབས་བཟོས་པ་དང་། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་དང་། “གསེར་སྙེའི་ཞིང་ཕན”གྱི་སྤྱི་ཕན་དངུལ་རྩའི་ཞབས་ཞུ། “ཐད་གཏོང་ཟོག་ཚོང”སོགས་ཁྱབ་གདལ་བཏང་བ། “ཞིང་ལས་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བརྒྱུད། མཛེས་ལྗོངས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་ཁྱད་ལྡན་ཐོན་རྫས་བཙོངས་ནས་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད།