དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཐོན་ལས་འཕེལ་རྒྱས་བཏང་། ཕྱུག་འགྱུར་སྙན་དབྱངས་གྱེར།

    —— ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ཐོན་ལས་ཀྱི་འཁོར་འབྲེལ་སྟོབས་ཆེར་བཏང་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-26

    ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་མཚམས་སུ་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་ཕྱོགས་ཁག་གིས་ཞིང་འབྲོག་མང་ཚོགས་རྣམས་ལ་བགོ་འགྲེམས་རྒྱག་འགོ་ཚུགས།

    ཟླ་2ཚེས་8ཉིན། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་སྡེ་ཁུལ་གྱི་དུད་ཚང་285ཡི་མང་ཚོགས་1082ལ་འབྲོག་ལས་བཅོས་སྒྲིག་གི་ཁེ་སྤོགས་སྒོར་ཁྲི་593བགོ་འགྲེམས་བརྒྱབ།

    ཟླ་2ཚེས་10ཉིན། སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་རྒོད་གསར་སྡེ་ཁུལ་གྱིས་སྡེ་ཁུལ་མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་241ལྷག་ཙམ་བགོ་འགྲེམས་བརྒྱབ།

    ཟླ་2ཚེས་11ཉིན་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བདེ་ཞིང་སྡེ་ཁུལ་གྱིས་སྡེ་ཁུལ་ཡོངས་ཀྱི་དུད་ཚང་247གྱི་མི་གྲངས་899ལ་ཞིང་པ་ལས་མིའི་གླ་ཆ་དང་དེ་བཞིན་མཉམ་སྡེབ་དཔལ་འབྱོར་གྱི་ལོ་མཇུག་ཁེ་སྤོགས་སྒོར་ཁྲི་1190བགོ་འགྲེམས་བརྒྱབ།

    མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པར་བརྟེན་ཞིང་འབྲོག་པའི་འབབ་འཕར་འགན་ལེན་བྱུང་བ་མ་ཟད། ཁེ་སྤོགས་རིམ་གྱིས་བགོ་འགྲེམས་བརྒྱབ་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཇེ་ལེགས་སུ་ཕྱིན་ཡོད།

    ཡར་ཀླུང་གཙང་པོའི་ལུང་ཤུར་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷོ་གྲོང་ཚོའི་བོད་ལྗོངས་ཞིང་དར་བོད་བྱ་ཐོན་ལས་གླིང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ལས་བཟོ་ཚོས་ལུས་ལ་ལས་གོས་གཙང་མ་གྱོན་པ་དང་མགོ་ལ་འཕྲོད་བསྟེན་ཞྭ་མོ་གྱོན་ཏེ་སྒོ་ང་ཐུམ་སྒྲིལ་བྱེད་བཞིན་འདུག ཁོང་ཚོས་བྱང་ཆ་དོད་པོས་སྒོ་ང་བླུགས་པའི་ཤོག་སྒམ་རེ་རེ་གྲལ་བསྟར་འགྲིག་པོར་བཞག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐུར་རྩིས་བྱེད་བཞིན་འདུག

    བོད་ལྗོངས་ཞིང་དར་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི(གཤམ་དུ“བོད་ལྗོངས་ཞིང་དར”ཞེས་བསྡུ་རྒྱུ)ནི་ལྷོ་ཁ་གྲོང་ཁྱེར་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་གལ་ཆེན། དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད། 2020ལོར་སྨི་ངོས་གྲུ་ཁྲི་4ཙམ་ཟིན་པའི་ཚད་ལྡན་ཅན་གྱི་འཁོར་ཁང་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་བསྐྲུན་པ་དང་བོད་ལྗོངས་ཞིང་དར་བཙུགས་ནས་བོད་བྱ་ཁྲི་བརྒྱ་ཡི་ཐོན་ལས་གླིང་སྐྲུན་འགོ་ཚུགས་ཡོད།

    མཐའ་འཁོར་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་བྱ་ཆེད། ཁེ་ལས་ཀྱིས་ཞིང་དར་བྱ་མོའི་སྟབས་བདེའི་གསོ་ཚགས་རྣམ་པ་ཁྱབ་གདལ་བཏང་ནས་བྱ་ཕྲུག་ཉིན་90གསོས་རྗེས་གྲོང་མིར་གསོ་རུ་བཅུག་པ་མ་ཟད། ཀུང་སིས་སྒོ་ང་དང་བྱ་མོ་ཚུར་བསྡུ་ཡི་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། དུད་ཚང་གཅིག་གིས་བྱ་དེ་5000གསོས་ན་ལོ་གཅིག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་15རག་གི་ཡོད།

    རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་འཕར་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ལས་ཀྱི“ཐོན་ལས་དང་པོ་ཆུ་ཚད་མཐོ་བའི”ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། ཞིང་ཁའི་རྒྱ་ཁྱོན་བརྟན་པོ་དང་། མུའུ་རེར་ཐོན་ཚད་མཐོ་རུ་འགྲོ་བ། སྤུས་ཚད་དང་ཕན་འབྲས་བཅས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་པར་བརྟེན། འབྲུ་རིགས་ཐོན་ཚད་ཏུན་ཁྲི་17ཡན་ཟིན་པ་དང་ཆབས་ཅིག་ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པས། 2024ལོ་ཁོ་ནར་གྲོང་ཁྱེར་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་5མང་དུ་ཕྱིན་ཡོད།

    འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ས་གནས་རིམ་པའི་འགོ་ཁྲིད་ཀྱིས་ཞིང་ལས་ཞིང་དར་གྱི་འགན་གཙང་འགན་ལེན་ལམ་ལུགས་དོན་འཁྱོལ་དང་། གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ཀྱི་མ་དངུལ་སྒོར་དུང་ཕྱུར་1.25བཀོད་སྒྲིག ཞིང་འབྲོག་ཁུལ་གྱི་ཉམས་ཞན་ལྷུ་ཚིགས་དང་ཞན་ཆ་གསབ་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་5ཡན་འཛུགས་སྐྲུན་དང་སྒྱུར་བཀོད། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་68ཡན་དང་ཐོན་ཚད་ཏུན་ཁྲི་17ཡན་བརྟན་པོ་ཡོང་བ་བྱེད་པའི་ཁྲོད་ནས་ཀྱི་ཐོན་འབོར་ཏུན་ཁྲི་11.5ཡན་བརྟན་པོ་ཡོང་བ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཀྱིས་ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་མི་ཕྱུགས་ལོགས་དབྱེ་སོགས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སོགས་སུ་གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་གཞི་གཅིག་ཅན་གྱི་ལས་གྲྭ་ཁག་གཅིག་ལག་བསྟར། སྲིད་འཛིན་གྲོང་ཚོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་230ཡན་ཟིན་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་35བསྐྲུན་རྒྱུ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།