དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དཀྲོགས་གྲོང་ཚོས།

    གྲོང་གསེབ་བཅོས་སྐྱོང་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-26

    འདི་ནི་དཀྲོགས་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།

    འདི་ནི་དཀྲོགས་གྲོང་ཚོའི་གྲོང་མིས་རང་ཁྱིམ་གྱི་སྒོ་རའི་ནང་ཤིང་ཏོག་འཐུ་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་དཀྲོགས་གྲོང་ཚོ་ནི་རྒྱལ་ལམ་560རྒྱུད་དུ་གནས་པ་དང་སྣང་རྫོང་གྲོང་དང་བར་ཐག་སྤྱི་ལེ་35ཡོད། ཉེ་བའི་ལོ་ཤས་རིང་། དཀྲོགས་གྲོང་ཚོར“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ”དང་། “རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་སྤྱོད་བཟང་དཔེ་སྟོན་ས་ཚིགས” “རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ”“བཟང་པོ་ལྔའི་ཤེས་དཔལ་ཁྱིམ་ཚང་གི་དཔེ་སྟོན་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་། 2024ལོར། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1004.21ཟིན་ནས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་30651.39ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི་65ཟིན་པ་ལས་སྒོར་ཁྲི་40མང་ཚོགས་ལ་བགོ་འགྲེམས་བརྒྱབ་ཡོད་པ་རེད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་བཏོན་པ།

    ཉེ་བའི་ལོ་ཤས་རིང་། དཀྲོགས་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་52སྒོ་རའི་ཏང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་གླིང་ནང་བཅུག་ནས་ཏང་ཡོན་གྱི་འགན་ལེན་གསུམ་གྱི་དྲ་མིག་བཙུགས་པས་ཀྲི་པུས་ཏང་ཡོན་ལ་དོ་དམ་བྱེད་པ་དང་ཏང་ཡོན་གྱིས་ཁྱིམ་ཚང་ལ་དོ་དམ་བྱེད་པའི་ཏང་འཛུགས་སྐྱོང་གི་ལས་དོན་རྣམ་པ་ཆགས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱི་ཡོངས་ཀྱི་སྣེ་ཁྲིད་ནུས་པ་དང་བཅོས་སྐྱོང་སྟོབས་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད་པ་རེད།

    “ཏང་འཛུགས་སྐྱོང་དང་གདོང་ལེན་སྒོ་ར”ལས་སྟེགས་སུ་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཞིང་། “གདོང་ལེན་ཏང་ཡོན”གྱིས་ཚང་མའི་སྣེ་ཁྲིད་དེ་རང་ཉིད་ཀྱི་ཐབས་ལམ་དང་བྱེད་ཐབས་ལ་བརྟེན་ནས་གྲོང་མི་ཚོར་སུར་པན་དང་ཤིང་ཏོག་སོགས་ཁྱད་ལྡན་ཞིང་ཟོག་ཚོང་རོགས་བྱས་པ་དང་། དུས་བཀག་ལྟར་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱས་ཏེ་དོན་ཆུང་གྲོང་ཚོ་ནས་ཐག་གཅོད་ཐུབ་པར་བྱས་པ་མ་ཟད། གྲོང་ཚོའི་ཆུ་གློག་སོགས་ཉམས་བཟོ་བྱས་པ་རེད།

    “ཏང་འཛུགས་སྐྱོང་དང་ལྗང་མདོག་སྒོ་ར”གཞི་རྩར་བྱས་ནས་མཛེས་མཐུན་གྲོང་གསེབ་ཀྱི་རང་མདངས་གསལ་དུ་བཏང་ཞིང་། ལོ་ལྟར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འོས་འདེམས་དང་སྐར་མ་བརྒྱབ་པ་བརྒྱུད“ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་ཐོན་ཁྱིམ་ཚང”5དཔྱད་འདེམས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་དང་། ཁྱིམ་ཚང་མི་རེ་ངོ་རེའི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། འབྲས་ཤིང་ལ་ཡལ་བཞུར་རྒྱག་པ་དང་མཐུད་སྦྱོར་འདེབས་འཛུགས་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ནུས་པ་བཏོན་གང་ཐུབ་བྱས་ཡོད་པ་རེད།

    “ཏང་འཛུགས་སྐྱོང་དང་ཤེས་དཔལ་སྒོ་ར”གཡུལ་སར་བྱས་ནས་ཤེས་དཔལ་དང་འཆམ་མཐུན་གྱི་རོལ་དབྱངས་བརྩམས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ལ་ཡ་རབས་དང་། སྐྱོན་བྲལ། ཚན་རིག་དང་མཐུན་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཡག་པོ་ཆགས་པར་ཁྲིད་སྟོན་བྱ་ཆེད། ལོ་ལྟར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འོས་འདེམས་དང་སྐར་མ་བརྒྱབ་པ་བརྒྱུད“ཤེས་དཔལ་ཁྱིམ་ཚང”5དཔྱད་འདེམས་བྱེད་ཀྱི་ཡོད་པ་རེད།

    ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    ལོ་མང་རིང་། དཀྲོགས་གྲོང་ཚོའི་ཏང་ཀྲི་པུས་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་ཏང་ཡོན་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཤིང་། དཀྲོགས་གྲོང་ཚོའི་ཏང་ཀྲི་པུས་ཚང་མའི་སྣེ་ཁྲིད་དེ་བེད་མེད་ཐོན་ཁུངས་3ཕན་སྒྱུར་བྱས་ནས་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དེ་ཇ་ཁང་དང་། སྒོ་རྩིས་ཚོང་ཁང་། བི་ཤུ་འཕེན་ར་བཅས་གཞི་གཅིག་ཅན་གྱི་སྤྲོ་གསེང་ལྟེ་གནས་སུ་བྱས་ཐོག་ཡུལ་སྐོར་ཐོན་ལས་གསར་སྤེལ་གྱིས་ལས་ཞུགས་ལས་གནས་10མཁོ་འདོན་བྱས་པ་རེད། ད་དུང་མང་ཚོགས་ལ་སྤྲོ་གསེང་རོལ་རྩེད་དང་མཉམ་འགུལ་སྤེལ་རེས་བྱ་ཡུལ་ཞིག་བསྐྲུན་པ་མ་ཟད། གྲོང་ཚོའི་ལོ་60ཡན་གྱི་རྒན་རྒོན་ཚོར་རིན་མེད་ངང་ཞོགས་ཟས་མཁོ་འདོན་བྱས་ཡོད། ལྷག་པར་དུ་2025ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་འཇལ་རིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྤྱད་དེ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཁ་གསབ་ཐེངས་དང་པོ་བྱས་པར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་113ཀྱི་སྨན་བཅོས་འགན་བཅོལ་སྒོར་ཁྲི་4.52འཇལ་རོགས་བྱས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

    ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དཀྲོགས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དམངས་སྲོལ་ཉམས་ལེན་དང་ཁྱད་ལྡན་ཡུལ་ཟོག་ཕྱིར་ཚོང་སོགས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ལས་བཏོད་དེ་རྒྱལ་ཡོངས་ས་གནས་ཁག་གི་སྒེར་འཁོར་ཡུལ་སྐོར་ཚོགས་པར་སྣེ་ལེན་བྱས་པ་རེད། ན་ནིང་ཟླ་3པ་ཚུན་དུ། གྲོང་མི་25ལ་ལས་ཞུགས་ཐག་གཅོད་བྱས་པ་དང་། སྒེར་འཁོར་ཡུལ་སྐོར་ཚོགས་པ་ཁག་94དང་མི་གྲངས་2967ལ་སྣེ་ལེན་བྱས་པ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་26.25ལྷག་ཙམ་དང་ཐོན་རྫས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་16.89ལྷག་ཙམ་ཟིན་ནས་མང་ཚོགས་22ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་ཁྲི་7.38ལྷག་ཙམ་བྱུང་ཡོད་པ་རེད།

    ཏང་དང་མང་ཚོགས་དབར་མཐུན་སྒྲིལ་གྱིས་མཉམ་བཅོས་དང་མཉམ་དུ་དོ་དམ་བྱས་པ།

    “དོ་དམ”ནས“རང་རྟོགས”བར་འགྱུར་ལྡོག་བྱུང་ནས་མཉམ་སྐྲུན་གྱི་རྣམ་པ་ཆགས་ཤིང་། དཀྲོགས་གྲོང་ཚོའི་ཏང་ཀྲི་པུའི་སློབ་སྦྱོང་དྲིལ་བསྒྲགས་ཀྱི་གཡུལ་སའི་ནུས་པ་གང་ལེགས་བཏོན་ནས“མཛེས་སྡུག་ལྡན་པའི་སྒོ་ར”འཛུགས་གཏོད་དང་། “ཁྱིམ་ཚང་ཡག་ཤོས”འཚོལ་བ། དེ་བཞིན“ཡ་རབས་ཁྱིམ་ཚང”དཔྱད་འདེམས་བྱེད་པ། “ཉེ་འཁོར་གྱི་མིས་ཉེ་འཁོར་གྱི་དོན་དག་གླེང་བའི”བྱེད་སྒོ་སོགས་སྤེལ་ནས། མང་ཚོགས་ལ་གོམས་གཤིས་བཟང་པོ་འཇགས་པར་སྐུལ་མ་གཏོང་བ་དང་། ལུགས་ངན་སྲོལ་རྙིང་མེད་པར་བཟོ་བའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ་དར་སྲོལ་བཟང་པོ་རིམ་བཞིན་དར་ནས་དཀྲོགས་གྲོང་ཚོ་འཛུགས་སྐྲུན་ནང་གྲོང་མིས་རང་རྟོགས་ངང་ཐབས་ཇུས་དང་ནུས་ཤུགས་བཏོན་ཡོད།

    མིག་སྔར་དཀྲོགས་གྲོང་ཚོར་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ཞིག་རིམ་བཞིན་འདིང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།