མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོས།
མཛེས་མཐུན་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོས“ཐོན་ལས་དར་རྒྱས་ཆེ་བ་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ཕན་སྨིན་ཆེ་བ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་རང་ངོས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱེད་ཕོད་པར་བྱས་ནས་ཐུན་མིན་ཁྱད་ལྡན་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན”གྱི་འཕེལ་རྒྱས་འགྲོ་ལམ་ཞིག་བདེ་བླག་ངང་བཏོད་པ་མ་ཟད། གཟི་བརྗིད་མཚན་སྙན་མང་པོའང་ཐོབ་པ་དཔེར་ན། མལ་གྲོ་གུང་དཀར་རྫོང་གི“ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དང་། སྐབས་ལྔ་པའི་ལྷ་ས་གྲོང་ཁྱེར་གྱི“ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”སོགས་དང་ད་དུང་2021ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་མིང་ཐོ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོར་བདམས་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
དག་པ་གྲོང་ཚོས་ས་བབ་ཀྱི་ལེགས་ཆ་གཙོ་གནད་དུ་བཟུང་སྟེ། ཐོན་འཕར་དང་། ཕན་ཆེ། འབབ་འཕར། སྤུས་ཚད་མཐོར་གཏོང་བཅས་ལ་དམིགས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་རྒྱུན་ཆད་མེད་པར་གཏོང་བ་དང་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། ས་ཞིང་མུའུ་750ལྷག་ཙམ་བརྒྱུད་བཤུག་བཏང་ནས་སྔོ་ཚལ་དང་། ཀྭ་རིགས་དང་ཤིང་འབྲས། སྡོང་ཕྲུག་སོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། 2024ལོར་ས་ཞིང་བརྒྱུད་བཤུག་བཏང་བའི་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་བྱུང་བ་དང་སྡོང་ཕྲུག་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་96བགོས་པ་དང་། འགྱིག་ཤོག་དྲོད་ཁང་ཆེ་མོ་20བོགས་མར་བཏང་བར་ཡོང་འབབ་སྒོར་ཁྲི་28བྱུང་བ། མལ་གྲོ་གུང་དཀར་རྫོང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཏེ་དག་པའི་ཚོགས་ཆུང་4ལ་འགྱིག་ཤོག་དྲོད་ཁང་ཆེ་མོ་སྟར་པ་20གསར་དུ་བསྐྲུན་པར་ལོར་ཡོང་འབབ་སྒོར་ཁྲི་10བྱུང་བ། མལ་གྲོ་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཆང་ཁྲུང་ཚོགས་ཆུང་གིས་འཕྲུལ་ཆས་བོགས་གཏོང་རྣམ་གྲངས་ལག་ལེན་བསྟར་བར་སྔོན་དཔག་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་20ཡོང་བཟོ་ཡོད།
དག་པ་གྲོང་ཚོས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཚོད་ལྟའི་ལས་དོན་ཚད་བརྒལ་སར་བྱས་ཏེ“མཁྲེགས་འགྱུར་དང་། སྔོ་ལྗང་། མཛེས་བཟོ། ཚད་ལྡན་ཅན་བཅས་ཀྱི་མཐོར་འདེགས་ལས་གྲྭ་འཛུགས་སྐྲུན་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ཡོད། སྐྱེ་ཁམས་དམར་ཐིག་བརྟན་སྲུང་གིས་སྔ་རྗེས་སུ་གྲོང་ཚོ་དང་ཚོགས་ཆུང་གི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་། སྣུམ་ནག་ལམ་འདིང་བ། སྒོ་རའི་གྱང་མཛེས་བཟོ། ཤིང་འཛུགས་རྩྭ་འདེབས། འཚོ་བའི་བཙོག་ཆུ་གཙང་གསིང་། འཛུགས་སྐྲུན་དང་འཚོ་བའི་གད་སྙིགས་གཙང་བཟོ། ཕྱུགས་རིགས་ཀྱི་ལྕི་བ་སྤུངས་པ་སོགས་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལེགས་པར་བྱས་པ་རེད།
མིག་སྔར། དག་པ་གྲོང་ཚོར་འགྲོ་ལམ་དང་། འཐུང་ཆུ། རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ་བཅས་ཁྱབ་ཚད་100%ཟིན་པ་དང‘གསང་སྤྱོད་གསར་བརྗེ’ལེགས་གྲུབ་བྱེད་ཚད་ཀྱང་100%ཟིན་ཡོད། གྲོང་ཚོའི་ཚོགས་ཆུང་ཚང་མར་རིག་གནས་བྱེད་སྒོ་ཁང་བཀོད་སྒྲིག་བྱས་ཡོད་པས་གྲོང་མིའི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ནས་འཚོ་བར་དགའ་ཞེན་བྱེད་པའི་བརྩེ་སེམས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།
2024ལོར་དག་པ་གྲོང་ཚོས་3·28དང་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སོགས་གལ་ཆེའི་དུས་ཆེན་གྱི་རིག་གནས་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་འབྲེལ། མང་ཚོགས་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་དང་གསར་བརྗེའི་སློབ་གསོ་སོགས་ཀྱི་གློག་བརྙན་བལྟ་རུ་བཅུག་པར་མང་ཚོགས་ཞུགས་ཚད་མི་ཐེངས་300ལྷག་ཙམ་ཟིན་ཡོད། མང་ཚོགས་དང་། ཏན་ཡོན། གཞོན་ནུ། བུད་མེད་སོགས་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེ་མོའི་བྱེད་སྒོ་ཐེངས་50ལྷག་ཙམ་སྒྲིག་འཛུགས་བྱས་པར་བསྡོམས་མི་ཐེངས་1200ལྷག་ཙམ་ཞུགས་ཡོད།
ཉེ་བའི་ལོ་ཤས་རིང་། དག་པ་གྲོང་ཚོ་ཡོངས་སུ་ཤེས་དཔལ་ཁྱིམ་ཚང་འདེམས་པའི་ལས་དོན་སྤེལ་བ་དང་དེ་ཁྱིམ་ཚང་230ལ་ཁྱབ་ཡོད་ཅིང་། ཉི་སྒྲོན་དང་ཟླ་བ་སོགས་ཀྱི་ཁྱིམ་ཚང་9ལ་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྲད་པའི“འཕྲོད་བསྟེན་ཁྱིམ་ཚང”གི་དཔེ་སྟོན་དུད་ཚང་དང“ཁྱིམ་ཚང་ཡག་ཤོས”ཀྱི་དཔེ་སྟོན་དུད་ཚང་གི་མཚན་སྙན་ཐོབ་པ་རེད།
2024ལོར་དག་པ་གྲོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གྲོང་ཚོ་དང་དུང་ཚང་དུ་ཉིན་བརྒྱ་བསྐྱོད་པའི་བརྟག་དཔྱད་བྱེད་སྒོ་གཏིང་ཟབ་སྤེལ་ནས་རང་འགུལ་ངང་གྲོང་མིའི་ཁྱིམ་དུ་ཟབ་སྐྱོད་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དངོས་དང་དགོས་མཁོ་ཤེས་རྟོགས་དང་། ཕྱོགས་མང་པོའི་ཐུན་མོང་འབད་བརྩོན་འོག་དག་པ་གྲོང་ཚོའི་ཚོགས་ཆུང་བཞིའི་དམངས་ཕན་གཟུགས་འཁྲུད་ཁང་གི་སྒྲིག་ཆས་ཉམས་བཟོ་དང་། ཞིང་ལས་འཕྲུལ་ཆས་དང་དོ་རྒྱག་འཕྲུལ་ཆས་ཀྱི་སྒྲིག་ཆས། ཆུ་ཁ་རྒྱས་པའི་སྐབས་གྲོང་མིའི་ཁྱིམ་དུ་ཆུ་འཁྱིལ་བ་དང་དེ་བཞིན་ཆུ་འབུད་ཆུ་ཡུར་ཆུང་གྲས་བཟོ་བ་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དང་གླེང་མང་བ་དང་དཀའ་ངལ་ཆེ་བའི་གནད་དོན་ཁག་15གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ་རེད།