སྨར་ཁམས་རྫོང་གིས་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2024ལོར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། གླིང་ཁུལ་དུ་ཁེ་ལས་77བཅའ་སྡོད་བྱས་པར་བཟོ་ལས་ཐོན་ཚད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6992བྱུང་བ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་ཁྲི་1862.71བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྨར་ཁམས་རྫོང་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་2023ལོར་དངོས་སུ་སྤྱོད་འགོ་ཚུགས་ཤིང་། གླིང་ཁུལ་ལ་རིམ་རྩིས་བརྒྱབ་ན་ཁྱོན་མ་དངུལ་ཁག་སྒོར་དུང་ཕྱུར་20བཏང་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། བཀར་འཇུག་ཟོག་འགྲེམས། ཚོང་དོན་ཉོ་ཚོང་། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་བྱེད་ནུས་ཁུལ་དབྱེ་ཡོད་པ་རེད།
རྣམ་གྲངས་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། སྨར་ཁམས་རྫོང་གིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། ནུས་རྒྱུ་གཙང་མའི་ལེ་ལག་ཆ་ཚང་། དེང་རབས་ཟོག་འགྲེམས་ཚོང་དོན་ཞབས་ཞུ། མི་རིགས་ལག་ཤེས་བཟོ་ལས་བཅས་གཙོ་བོར་བྱས་པའི“2+2”ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ཧུར་ཐག་བཏང་ཡོད། དེ་དང་དུས་མཚུངས། ཐོན་ལས་གླིང་གིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་བཟང་སྤེལ་ཞན་གསབ་ཀྱི་འདུ་འགོད་ལག་ལེན་བསྟར་ཏེ། འབྲེལ་ལྡན་ཐོན་ལས་ཚོ་འདུས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ཡོད། 2024ལོར། ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཞིབ་དཔྱད་ཚད་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ནད་འབུའི་གནོད་འཚེ་འགོག་ཟོན། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། མུའུ་1000གི་གྲངས་འཛིན་ཞིང་ལས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན། མུའུ་500ཡི་ཚད་གཞི་ཅན་གྱི་རྒུན་འབྲུམ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བཅས་ཀྱི་རྣམ་གྲངས་ཁག་5ལེགས་གྲུབ་བདེ་བླག་ཟིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་ཁྲི་2803.74བཏང་ཡོད་པ་རེད།
གཞན་ཡང་། སྨར་ཁམས་རྫོང་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་གིས་ད་དུང་རྒུན་འབྲུམ་དང་བོད་ཕག་ཐོན་ལས་དེ་གཙོ་ཁྲིད་ཐོན་ལས་ལ་གཏན་འཁེལ་བྱས་ཏེ། ཀྲུང་གོ་ཞིང་ལས་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དང་མཉམ་དུ་སློབ་ཁྲིད་ལས་དོན་ས་ཚིགས་བཙུགས་ཡོད། 2024ལོར། རྒུན་འབྲུམ་ཨ་རག་གི་ལོ་རེའི་ཐོན་ཚད་ཏུན་2560ཟིན་པ་དང་། རྒུན་འབྲུམ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.42ལྷག་ཙམ་ཟིན་པ། ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་4200ལྷག་ཙམ་ཟིན་ཡོད། བོད་ཕག་ལོ་མཇུག་ཏུ་ལག་ཡོད་མགོ་གྲངས་ཁྲི་6.08ཟིན་པ་དང་ལོ་རེའི་བཤས་གཏོང་ཚད་ཁྲི་4.06ཟིན་ཡོད་པ་རེད།