ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ལོ་ལྔ་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་དོན་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ལས་ཀའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ལོ་ལྔ་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་མང་ཚོགས་ལ་བདེ་ཐང་འགན་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་་བསྐྲུན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་ལོ་མཇུག་བར། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་57.31ཟིན་ནས་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་101.98%ལེགས་གྲུབ་ཟིན་ཏེ་འགན་བཅོལ་ནང་ཞུགས་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། 2024ལོར་ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”དམིགས་ཡུལ་ལག་ལེན་ཧུར་ཐག་བསྟར་ནས། ངོ་ཐུག་གདོང་འཕྲད་ཀྱིས“མངགས་ཐོ་རྣམ་པའི”ཞབས་འདེགས་ཞུ་སྟངས་གསར་གཏོད་ཀྱིས་བཏོན་པ་དང་། ལས་དོན་མི་སྣ་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་ཐོབ་ཐང་འགན་ལེན་སོགས་གླེང་མང་བའི་གནད་དོན་ལ་ལན་བརྒྱབ་སྟེ། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་2.4ལ་ཞབས་འདེགས་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་ཆེ་རུ་བཏང་བ། སྲིད་ཇུས་དྲིལ་བསྒྲགས་ཡོངས་ཁྱབ་ཐུབ་པ་བཅས་བྱུང་ནས། མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་འགན་བཅོལ་ནང་ཞུགས་པའི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག གྲོན་དངུལ་འཇལ་མཁན་འབྲོག་པ་མང་ཚོགས་ཀྱིས་སྐད་འཕྲིན་དང་གཏོང་སྤྲོད་འབོའི“བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྤྱི་ཚོགས་འགན་བཅོལ་འཇལ་བའི”དྲ་ཐོག་གི་བྱ་རིམ་ཆུང་གྲས་སོགས་ཀྱི་ཐབས་ལམ་བརྒྱུད། འགན་བཅོལ་ནང་ཞུགས་ཏེ་གྲོན་དངུལ་འཇལ་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། “དངོས་ཚན་དང་དྲ་རྒྱ་ཟུང་དུ་འབྲེལ་བའི”དུས་དང་རྣམ་པ་ཀུན་གྱི་དམངས་ཕན་ཅན་གྱི་གྲོན་དངུལ་འཇལ་སྟངས་ཆགས་པར་བྱས་ཏེ། མང་ཚོགས་ཀྱིས་རང་ས་རང་ཡུལ་དང་ཐག་ཉེ་སར་གྲོན་དངུལ་འཇལ་བར་སྟབས་བདེ་བསྐྲུན་ཡོད། དྲ་ཐོག་ནས་གྲོན་དངུལ་འཇལ་དཀའ་བའི་མང་ཚོགས་ལ་དམིགས་ཏེ། ཤང་དང་གྲོང་རྡལ་དང་གྲོང་ཚོའི(གྲོང་ལྷན)གཞི་རིམ་ཏང་ཡོན་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དང་ཁྱིམ་གྱི་སྒོ་འགྲམ་དུ་ཞབས་འདེགས་ཞུ་བར་བསྐྱོད་དེ། “གཅིག་གཏད་གཅིག” གིས་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ཞབས་ཞུ་བསྒྲུབས་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་སྲིད་གཞུང་གི་ཞབས་ཞུ་སྦྲེལ་མཐུད་ཡག་པོ་བྱས་པར། མང་ཚོགས་ཀྱིས་རང་ཁྱིམ་ནས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད། “ཕྱོགས་མང་པོའི་མཐུན་སྦྱོར་མཉམ་ལས་དང་དམངས་ཕན་ནུས་ཆེའི་ཞབས་ཞུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བརྟན་པོ་གཏོང་བའི”རྩ་དོན་གཞིར་བཟུང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞི་མཉམ་འགུལ་བྱས་ཏེ། ཁག་བགོས་སྒྲུབ་འགན་ཁུར་བ་དང་། མི་རེར་ལས་འགན་དངོས་སུ་སྤྲོད་པ། གཅིག་སྡུད་གྲོན་དངུལ་འཇལ་རིང་། འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་འཇལ་བའི་ལས་ཀའི་ཇུས་གཞི་བཟོ་བ། ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་ཞིབ་ཚགས་སུ་གཏོང་བ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་ཧུར་ཐག་འཇལ་བར་ལྟ་སྐུལ་བྱས་ནས། གྲོང་ཚོ་ནས་དུད་ཚང་མི་ལུས་པ་དང་དུད་ཚང་ནས་མི་མི་ལུས་པར་སྐུལ་འདེད་བཏང་ཡོད། སྨན་བཅོས་འགན་བཅོལ་དང་། ནོར་སྲིད། ཁྲལ་དོན། དམངས་སྲིད། བཟོ་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་ལས་བྱས་ནས། གྲངས་གཞི་གནད་ལ་འཁེལ་བ་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པར་བྱས་ཡོད།